རྒྱ་མིས་བོད་མིར་མགོ་སྐོར་གཏོང་བའི་གནས་ཚུལ།《ཨ་རི་རྡོ་རྗེས་བཏང་གནས།》

 

ཟླ་ ༡༡ ཚེས་ ༤ ཉིན་ཁོང་ཚོས་ཟེར་ན། བོད་ལྗོངས་དང་ཟི་ཁྲོན་མཚོ་སྔོན་བཅས་ས་གནས་ནས་གཞུང་འབྲེལ་མི་སྣ་མང་པོ་སླེབས་ཡོད་ཀྱང༌། ཁོང་ཚོ་ཡང་ཐེན་ཧྲི་ཚོགས་པ་ལ་སྐྲག་གི་འདུག་ཟེར། ཁོང་ཚོས་ལམ་གཞུང་དུ་ཉལ་ནས་ཡོད་པའི་བོད་མི་དེ་དག་ལ་གྲོ་སྤོབ་དང༌། འབྲས་ཐུག་སོགས་སྤྲད་ཡོད་འདུག་ཀྱང་ས་མ་རུབ་བར་སྤྲད་ཕོད་ཀྱི་མི་འདུག་ཟེར། ས་གནས་དཔོན་རིགས་དེ་དག་གིས་ཟེར་ན། རབ་བྱུང་ན་ཕ་ཡུལ་ལ་ལོག་རྒྱུ་དང༌། དེ་ལྟར་མིན་ན་ཁང་པ་ནང་སྡོད་རོགས་ཞེས་བརྗོད་འདུག །འོན་ཀྱང་ཁོང་ཚོས་མ་ཉན་པར་ཁྱབ་བསྒྲགས་འགྲོ་ཐབས་སུ་ལམ་གཞུང་དུ་སྔར་བཞིན་ཉལ་ཡོད་ཟེར།

ཟླ་ ༡༡ ཚེས་ ༢ ཉིན་བུ་མོ་འཇམ་དབྱངས་ལྷ་མོ་ནད་པ་ཆགས་ནས་སྨན་ཁང་དུ་ཁུར་བའི་སྐབས། སྨན་པས་སྒོར་ཁྲི་བརྒྱད་མེད་ན་བརྟག་དཔྱད་བྱེད་རྒྱུ་མིན་ཅིང༌། སྒོར་དེ་དག་ཡོད་ན་བརྟག་དཔྱད་བྱེད་ཆོག་ཀྱང་དྲག་སྐྱེད་ཡོང་བའི་ཁག་ཐེག་བྱེད་མི་ཐུབ་ཅེས་བརྗོད་ཡོད་འདུག །དེར་བརྟེན་སྒོར་མེད་ནས་ཡར་ཁུར་ཡོང་བ་དང༌། བོད་ལྗོངས་དོན་གཅོད་ཁང་ལ་ནད་པ་ཕ་ཡུལ་ལ་ཡར་ཁུར་སའི་གནམ་གྲུ་དང་། ཡང་ན་མེ་འཁོར་གྱི་གླ་ཆ་སྤྲད་རོགས་ཞེས་ཞུས་པ་ཡིན་ཟེར།

ཟླ་ ༡༠ ཚེས་ ༣༠ ཉིན་ཉེས་རྡུང་ཕོག་པའི་བསོད་ནམས་བཀྲ་ཤིས་ཀྱི་སྤུན་མཆེད་བུ་མོ་ཞིག་ཡོད་པ་དེ་ཡང་ན་ནས་ཐེ་ཅིན་སྨན་ཁང་དུ་ཡོད་པ་དང༌། སྨན་པས་ཟེར་ན། ནད་གཞི་ཛ་དྲག་ཆེ་བས་སྨན་ཁང་ཆེ་བ་ཞིག་ནང་བསྐྱལ་དགོས་ལུགས་བཤད་ཡོད་འདུག །འོན་ཀྱང་ཁོང་ཚོ་ལ་དངུལ་མེད་ནས་སྨན་ཁང་གཞན་དུ་བསྟེན་རྒྱུ་བྱུང་མ་སོང་ཟེར།

ཟླ་ ༡༠ ཚེས་ ༢༩ ཉིན་ཐེ་ཅིན་དུ་ཡོད་པའི་བོད་པ་རྣམས་ཀྱི་ནང་ནས་བསོད་ནམས་བཀྲིས་ཟེར་བ་ཞིག་དགོང་དྲོ་ཕྱི་ལོག་ལ་འགྲོ་སྐབས། ས་རུབ་པ་དང་རྒྱ་མི་ལྔ་ཙམ་ཡོང་ནས་རྒྱུ་མཚན་གང་ཡང་མ་བཤད་པར་ཉེས་རྡུང་ཚབས་ཆེན་བཏང་ཡོད་འདུག །ད་ཆ་བོད་མི་དེ་སྨན་ཁང་དུ་ཡོད་པ་དང་རྐང་པའི་རུས་པ་སེར་ཁ་གས་ཡོད་འདུག །དེ་ནི་ཕལ་ཆེར་ཐན་ཧྲི་ཚོགས་པས་བོད་མི་དེ་དག་སྐྲག་ནས་ཕྱིར་ལོག་འགྲོ་བའི་ཐབས་ཤེས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག །

ཟླ་ ༡༠ ཚེས་ ༢༦ ཉིན་པེ་ཅིན་ནང་ཡོད་པའི་བོད་པ་ཚོས་པེ་ཅིན་དུ་ཡོད་པའི་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དུ་ཞུ་གཏུག་བྱེད་སར་ཕྱིན་ཡོད་ཀྱང༌། ད་ལྟ་གནས་ཚུལ་གང་བྱུང་མིན་ཤེས་མེད་པ་དང༌། ཐན་ཅིན་ནང་ཡོད་པའི་བོད་པ་ཞིག་དྲན་པ་འཐོར་ནས་སྨན་ཁང་དུ་ཁུར་དགོས་ཆགས་ཡོད་འདུག་ཅིང༌། ཁོང་ཚོ་མོ་ཊའི་གཞུང་ལམ་ཐོག་ཉལ་སྡོད་པའི་པར་རྒྱག་སྐབས་ཉེན་རྟོག་པ་ཡོང་ནས་བརྒྱབ་བཅུག་ཡོད་མི་འདུག །ཁོང་ཚོས་ཟེར་ན། དེ་རིང་ནས་བཟུང་ཁོང་ཚོའི་དངུལ་དང་ཁ་ལག་ཡོངས་རྫོགས་རྫོགས་ཟིན་ཡོད་པས། མུ་མཐུད་གནས་ཐབས་བྲལ་ཡང་ཤི་ན་ཡང་ཐན་ཧྲི་གནམ་སྡེ་ཚོགས་པའི་སྒོ་འགྲམ་རང་ལ་ཤི་རྒྱུ་ཡིན་སྐོར་བཤད་འདུག །

ཡང་ཟླ་ ༡༠ ཚེས་ ༢༦ ཉིན་བོད་རིགས་ཁྲིམས་རྩོད་པ་དབྱངས་ཅན་ཟེར་བ་ཞིག་ནས་ཁོ་ཚོ་ལ་རོགས་པ་བྱེད་རྒྱུ་ཁས་བླངས་ཡོད་ཀྱང༌། རྒྱ་ནག་གཞུང་དང་ཁ་གཏད་ལྟ་བུ་ཆགས་ཡོད་སྟབས་ཁོ་མོས་ནུས་ཤུགས་ཇི་ཙམ་སྟོན་རྒྱུ་ཡིན་མིན་ཐེ་ཚོམ་ཡིན་ལུགས་བོད་རིགས་དེ་དག་གིས་བཤད་འདུག །བོད་རིགས་ཁྲིམས་རྩོད་པ་དབྱངས་ཅན་གྱིས་སྲོག་ཐོག་ལ་ཐུག་པའི་ཉེ་མེད་ཉེས་འགེལ་གྱི་གྱོད་གཞི་མང་པོ་དག་སེལ་བྱས་ནས། མི་མང་པོའི་སྲོག་སྐྱོབ་ཡོད་ལུགས་དེ་སྔོན་རྒྱ་ནག་གི་དུས་དེབ་མང་པོས་བསྔགས་བརྗོད་བྱས་ཡོད་པ་རེད།

རྒྱབ་ལྗོངས།

རྒྱ་མིའི་བཟོ་ཚོང་ལས་ཁང་ཞིག་ནས་བོད་མི་མང་པོ་ཞིག་མགོ་སྐོར་བཏང་ནས་རྒྱ་ནག་ཏུ་ཁྲིད་ཡོད་པ་དང༌། མགོ་སྐོར་གཏོང་མཁན་གྱི་ཚོགས་པ་དེའི་མིང་ལ་ཐན་ཧྲི་མནའ་འབྲེལ་ཚོགས་པ་དང༌། ཚོགས་པ་དེའི་མགོ་ཁྲིད་ཀྱི་མིང་ལ་ལིན་ཅན་ཡིང་ཟེར་གྱི་ཡོད་པ་རེད། ཚོགས་པ་དེ་རྒྱ་ནག་ཐན་ཅིན་ལ་ཡོད་འདུག་པ་དང༌། བོད་པ་དེ་དག་ཁྲིད་འགྲོ་ས་དེ་ནི་རྒྱ་ནག་ཧྲང་ཞིན་ཞན་ཡང་ཟེར་ས་དེ་ཡིན་འདུག །ཚོགས་པ་དེས། བོད་མི་དེ་དག་ལ། མི་རེས་རྒྱ་སྒོར་ ༢༨༠༠ རེ་སྤྲད་ནས་ཚོགས་པ་དེའི་ནང་འཛུལ་ཞུགས་བྱས་པ་ཡིན་ན། ལོ་གཅིག་ནས་གཉིས་བར་ཤེས་ཡོན་གྱི་སློབ་སྦྱོང་སྤྲད་རྒྱུ་དང༌། སློབ་སྦྱོང་ཐོན་མཚམས་མི་རེ་ལ་རྒྱ་སྐོར་ཁྲི་ཉིས་བརྒྱ་བཞི་བཅུ་ཡས་མན་རེ་ཕྱིར་སྤྲོད་རྒྱུ་ཡིན་པ་མ་ཟད། ཚོགས་པ་དེའི་སློབ་ཐོན་ལག་ཁྱེར་སྤྲད་ནས་འཛམ་གླིང་ག་བར་དགའ་ན་ཡང་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་ལུགས་བཤད་འདུག །

བོད་མི་དེ་དག་ཡིད་ཆེས་ཐབས་སུ། ལིན་ཅན་ཡིང་ཁོ་པས་དེ་སྔ་བོད་ནག་ཆུ་རུ་སློབ་གྲྭ་བཙུགས་པ་སོགས་གཞན་ཕན་གྱི་བྱ་བ་མང་པོ་སྒྲུབ་ལུགས་དང༌། མི་གྲངས་དུང་ཕྱུང་ ༡༢ ལྷག་ལ་རོགས་རམ་བྱས་པའི་ཡིག་ཆ་ཁག་དང༌། ༢༠༠༩ ལོའི་རྒྱ་ནག་གི་མི་རིགས་འཆམ་མཐུན་གྱི་གཟེངས་རྟགས་ཨང་དང་པོ་ཐོབ་པའི་མཛད་སྒོའི་སྐབས་ཀྱི་པར་དང་ཡིག་ཆ་ཁག་བཅས་བསྟན་གྱི་ཡོད་འདུག །ཁོ་པ་ཧུའུན་ཐའོ་དང་ཝུ་ཅ་པའོ་སོགས་རྒྱ་ནག་གི་དཔོན་རིགས་མཐོ་ཤོ་ཚང་མ་དང་མཉམ་དུ་པར་བརྒྱབ་པ་དེ་འདྲ་ཁོ་པའི་དྲརྒྱ་ནང་བཞག་འདུག །

རྒྱུ་མཚན་དེ་དག་ལ་བརྟེན་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༥ ཙམ་ནས་བོད་པ་རྣམས་ཚོགས་པ་དེར་འཛུལ་ཞུགས་བྱེད་འགོ་བཙུགས་ཡོད་འདུག་པ་དང༌། དེ་ནས་རིམ་པས་ཇེ་མང་དུ་ཕྱིན་ནས། ཁྱོན་ཚོགས་པ་དེར་ཞུགས་མཁན་བོད་རིགས་མི་གྲངས་ ༢༠༠༠ ལྷག་བྱུང་ཡོད་པ་དང༌། ཤིན་ཨན་རང་ལ་སླེབས་པ་དེ་བོད་པ་མི་གྲངས་ ༡༥༠༠ ཙམ་བྱུང་ཡོད་པའི་ནང༌སྐྱེས་པ་དང་བུད་མེད། གྲྭ་བཙུན་དང་བླ་སྤྲུལ་དེ་འདྲ་ཡང་ཡོད་འདུག །

བོད་པ་རྣམས་ཤིན་ཨན་ལ་སླེབས་སྐབས་ཐོག་མར་མི་ཁ་ཤས་ལ་ཟླ་རེར་སྒོར་ ༣༠༠ ཡས་མས་རེ་སྤྲད་ཡོད་འདུག་པ་དང༌། དེ་ནས་རྒྱུ་མཚན་འདྲ་མིན་བཤད་ནས་སྒོར་གཅིག་ཀྱང་རག་ཡོད་མི་འདུག །དེ་ནས་རིམ་པས་ཚོགས་པ་དེའི་འགོ་ཁྲིད་ཁ་ཤས་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་པ་སོགས། བོད་པ་ཚོས་ཚོགས་པ་དེ་རྫུན་་དང༌། མི་མགོ་སྐོར་གཏོང་མཁན་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག །

བདུན་ཕྲག་ཁ་ཤས་ཀྱི་སྔོན་དུ། ཤིན་ཨན་ནས་བོད་རིགས་ཚོའི་འཐུས་མི་ཁག་ཅིག་པེ་ཅིན་དུ་ཞུ་གཏུག་བྱེད་པར་ཕྱིན་ནས། ཐན་ཧྲེ་མནའ་འབྲེལ་ཚོགས་པའི་ས་ནས་ད་བར་གྱི་འགྲོ་སོང་དང་གྱོང་གུད་ཕོག་པའི་གུན་གསབ་རག་ཐབས་བྱས་ཡོད་ཀྱང༌། པེ་ཅིང་ནས་ལིན་ཅན་ཡིང་གི་ཚོགས་པ་ཨ་མ་ཡོད་ས་ཐན་ཅིན་ལ་འགྲོ་དགོས་ལུགས་བཤད་ནས་གཏུག་བཤེར་བདག་སྤྲོད་བྱས་མེད་པ་རེད། བོད་རིགས་འཐུས་མི་དེ་དག་ཐན་ཅིན་ལ་སླེབས་ཀྱང་ཁོ་ཚོས་ཡོལ་ཐབས་དང་ཁ་མཁས་རྐྱང་རྐྱང་བཤད་ནས་གྲུབ་འབྲས་གང་ཡང་ཐོན་མེད་པ་དང༌། དེ་རྗེས་སླར་ཡང་ཞན་ཡང་ནས་བོད་རིགས་མང་པོ་ཡོང་ནས་ད་ཆ་ཐན་ཅིན་ལ་བོད་པ་བརྒྱ་ཡས་མས་ཞིག་དང༌། པེ་ཅིན་ལ་བོད་པ་བཅུ་གྲངས་ཞིག་གིས་མུ་མཐུད་ཞུ་གཏུག་བྱེད་བཞིན་ཡོད་པ་རེད།

སྤྱིར་དེ་སྔོན་ཁོང་ཚོས་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག་ཀྱང༌། ཕ་ཡུལ་གོ་འཇོ་ནས་ཡིན་པས་རྒན་པོ་ཞིག་ན་ནས་ཤི་གྲབས་བྱས་པ་དང༌། རྒན་པོ་དེས་ཁྱོད་ཚོས་ཁ་ལ་མ་ཟོས་ན་ངས་ཀྱང་ཟ་ཡི་མིན་ཞེས་ཨུ་ཚུགས་བྱས་སྟབས། ཟས་བཅད་བྱས་ནས་ཉིན་གྲངས་ལྔ་ཡི་རྗེས་སུ་ཁ་ལག་ཟོས་ཡོད་འདུག །

ད་ཆ་ཐེ་ཅིན་ལ་བོད་མི་བརྒྱ་དང་ཉི་ཤུ་སྐོར་ཡོད་པ་དང༌། དེ་དག་ནི་མགོ་སྐོར་ཐེབས་པའི་བོད་མི་ཆིག་སྟོང་ལྔ་བརྒྱ་ཡི་སྐུ་ཚབ་ལྟ་བུ་ཡིན་འདུག །ཁོང་ཚོ་གཞུང་ལམ་ཐོག་ཉལ་ནས་བསྡད་ཡོད་པ་དང༌། ཉེན་རྟོག་པ་མོ་ཊ་ལྔ་བཅུ་སྐོར་ཞིག་གིས་ཉེ་འཁོར་ཚང་མ་སྲུང་བྱ་དམ་པོ་བྱེད་པ་དང༌ཆབས་ཅིག །གནས་ཚུལ་དེ་ཁྱབ་གདལ་མི་འགྲོ་བའི་ཆེད་ཁོང་ཚོ་ཡོད་སའི་གཞུང་ལམ་ཐོག་མི་གཏོང་གི་མེད་ཅིང༌། གསར་འགོད་པ་སོགས་པར་ཆས་ཁུར་མཁན་ཞིག་ཡིན་ཕྱིན་ཉེ་འཁོར་ལ་འགྲོ་བཅུག་གི་མེད་པ་རེད།

དེང་སང་ནས་གནམ་གཤིས་གྲང་ཞིང་ཁ་ལག་མེད་པ་དང༌། ཁང་པ་མེད་པར་གཞུང་ལམ་ཐོག་ཉལ་ནས་ཡོད་སྟབས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། དེ་སྔོན་ཕ་ཡུལ་ནང་ཆེན་ནས་ཡིན་པས་མི་གཅིག་འདས་གྲོངས་སུ་སོང་བ་དང༌། མི་མང་པོ་ཞིག་ན་ནས་ཕྱིར་ལྷ་ས་སོགས་སུ་ལོག་པ་བྱུང་ཡོད་འདུག་པའི་གནས་སྐབས་སུ་གློ་བུར་དུ་ཕྱི་ཚེས་ ༦ ཉིན་གྱི་གནས་ཚུལ་དེ་ཐོན་ཡོད་པ་རེད་འདུག