མཐོ་སྒང་གི་གཡག་རྒོད་དར་མ།

 

རྔ་མ་ལྷོ་སྤྲིན་གཡོ་བའི་རླུང་ཁ་དེ་ནས།།
རྨིག་བཞི་ས་ལ་གདབ་པའི་རྡིག་སྒྲ་ཐོས་ཡོང༌།།
ས་ནག་རྭ་རྩེར་སྐྱོན་པའི་ཤུལ་ལམ་དེ་ནས།།
མཐོ་སྒང་གཡག་རྒོད་དར་མའི་དཔའ་རྟགས་བསྟན་ཡོང༌།།

དབྱར་གསུམ་ཆར་ཆུའི་མཁའ་དབུགས་ལྡང་བའི་དུས་སུ།།
ཤེད་ཤུགས་རི་རབ་ཁུར་དུ་བཟོད་པར་ནུས་ཤིང༌།།
དགུན་གསུམ་གྲང་ངར་བུ་ཡུག་འཚུབས་པའི་ཀློང་དུ།།
རི་འགོ་གང་མཐོར་འགྲིམས་པའི་གཡག་རྒོད་དར་མ།།

ས་རྡོ་ཤིང་ཚྭ་ལ་སོགས་གང་ཅིའི་དངོས་ཟོག །
སྤུ་རྩེའི་རྔུལ་ནག་ལྷན་དུ་གནས་ལ་སྐྱེལ་བའི།།
འགྲུལ་པའི་ངལ་བ་སེལ་བའི་ཁལ་མ་རྒོད་པོ།།
སྟག་ཤར་གཞོན་པའི་དཔུང་གྲོགས་གཡག་རྒོད་དར་མ།།

ཨ་སྔོན་ཐང་ལ་གཏིང་འདྲའི་ཞིང་ཁའི་དབུས་སུ།།
སྣ་ལ་ཨི་ཁུང་བརྟོལ་བའི་བྲན་གཡོག་ངོ་མ།།
གཉའ་ཤིང་མཁྲེགས་པོས་མགོ་ལ་ཟུག་རྔུ་སྦྱིན་ཞིང༌།།
བྲེང་ལྕག་གྱོང་པོས་རྐུབ་ནས་དེད་པའི་བཙོན་པ།།

རྭ་ལ་རྭ་ཚིག་མང་པོའི་རི་མོ་གསལ་ཞིང༌།།
རྔ་མ་ལྷོ་སྤྲིན་ནག་པོ་ངང་གིས་འཐོར་ཚེ།།
གསོད་བྱེད་མཚོན་ཆ་ངར་མའི་སོ་ལ་སྦྱར་ནས།།
གཡག་ཤ་ཚོན་པོའི་བྲོ་བ་མི་ཡིས་མྱོང་འགྲོ།།

སྟོབས་ཤུགས་གླང་ཆེན་སྨྱོན་པའི་རྗེས་སུ་འགྲོ་ཡང༌།།
བློ་གྲོས་འདབ་གཤོག་ཟུང་གི་རམ་འདེགས་མེད་ན།།
བཙན་པོའི་མི་ཡི་འོག་ཏུ་མགོ་བོ་སྒུར་ནས།།
གཡག་རྒོད་དར་མ་ཡིན་ཡང་འཕག་ས་གང་ཡོད།།

མཐོ་སྒང་གཡག་རྒོད་དར་མའི་ལས་དབང་འདི་ནི།།
མཐོ་སྒང་བོད་ཀྱི་ལས་དང་ཤིན་ཏུ་མཐུན་པས།།
མཐོ་སྒང་ཡུལ་ནས་ཡོང་བའི་བུ་ཆུང་ང་ཡིས།།
མཐོ་སྒང་པ་ལ་བསམ་གཞིགས་བྱས་པའི་ཁུལ་ཡིན།།  

༢༠༠༦ཟླ༧ ཚེས་༢༦ ཉིན་བྲིས།