རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཀྱི་བསྒྲགས་གཏམ།
དང་པོ། ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་མིའི་ངོ་བོ་དང་རིག་གཞུང་མི་ཚེའི་མདུན་ལམ་བཅས་ལ་བདེ་སྲུང་བྱེད་དགོས་པ་དང༌། ྋཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་མི་མང་ལ་འཚེ་བ་མེད་པའི་ལངས་ཕྱོགས་ཀྱི་འདེམས་ཁ་དང། དེ་བཞིན་བོད་མི་མང་གི་བདེ་སྡུག་གི་ཆེད་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གྲོས་ཚོགས་ཀྱི་ལྷན་ཚོགས་སོགས་ལ་དཔྱད་བརྗོད་ཀྱི་རང་དབང་དགོས་པ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་མི་ཚོས་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོང་བའི་ལངས་ཕྱོགས་འཚོལ་རྒྱུ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ངོས་ནས་གསལ་བརྗོད་བྱེད་དགོས་པ་ཞིག་ནི། ཚོགས་ཆེན་འདི་རྒྱ་ནག་ལ་ཁ་གཏད་དུ་ལངས་བ་ཞིག་མིན་ནའང་ཁྲིམས་ལུགས་ལ་རྒྱབ་སྐྱོར་དང་བདེན་པ་གཞི་རྟེན་བྱས་ནས། རྒྱ་བོད་གཉིས་ཕན་ཚུན་གུས་བརྩིའི་ཐོག་ནས་མཉམ་གནས་བྱེད་ཐུབ་པའི་ཐབས་ལམ་འཚོལ་རྒྱུ།
གཉིས་པ། ངེས་ཤེས་རྙེད་པ་དང་རྒྱ་ནག་གི་སྤྱོད་ཚུལ། ༢༠༠༥ ལོར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་ནས། བོད་ནང་གི་བོད་མི་ཚོའི་གནས་བབས་དང་ྋཏཱ་ལའི་བླ་མ་མཆོག་དང་ཁོང་གིས་བཏོན་གནང་བའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ཐད་ལ། རྒྱ་ནག་གིས་བཙན་སྐུལ་དང་མཚན་སྨད་བྱེད་རྒྱུ་སོགས་སྡུག་ཏུ་ཕྱིན་ཡོད་ཅིང༌། དེ་བཞིན་ལོ་སྔོན་མའི་ཟླ་བ་༣ པའི་ནང་བོད་ཀྱི་ས་གནས་ཡོངས་རྫོགས་ནས་བོད་མི་ཚང་མས་སེམས་ཚོར་ངོ་མ་བཏོན་ཏེ་ཞི་བའི་གྱེན་ལངས་ཆེན་པོ་བྱེད་པའི་སྐབས། རྒྱ་ནག་གིས་དཔོན་རིགས་ཚོས་དྲག་གནོན་ཀྱི་སྲིད་བྱུང་ལག་བསྟར་བྱས་ཡོད་པས། ཉེས་མེད་བཀག་ཉར་བྱས་ཡོད་པ་བོད་མི་གྲངས་༧༣༥ ཙམ་ཡོད་པ་བཀག་ཉར་གྱི་ཡིག་ཆའི་ནང་གསལ་ཡོད་ཅིང༌། དེ་དག་གི་སྨྲ་བརྗོད་རང་དབང་དང༌། ཆོས་ལུགས་དད་པ། འདུ་འཛོམས། འབྲེལ་མཐུད་སོགས་ཀྱི་རང་དབང་ཡོངས་རྫོགས་རྒྱ་གཞུང་གིས་ཕྲོགས་ཡོད་པར་སེམས་འཚབ་ཡོད་ལ། ད་དུང་རྒྱ་གཞུང་གིས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་བོད་མི་དེ་དག་ལ་སྲོག་ཁྲིམས་ཀྱང་བཅད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང༌། རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་གསལ་བའི་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་བརྒྱུད་ལམ་འོག་ནས་སྟངས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐད་ལ། རྒྱ་ནག་གི་དཔོན་རིགས་ཚོའི་བསམ་བློར་གཞི་རྩའི་འོས་འགན་ཡོད་པ་བཞིན་དུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་རྒྱལ་སྤྱིའི་ཚོགས་པར་ཞུགས་ནས། གནད་དོན་དེ་དག་ངོས་ལེན་བྱས་པའི་ཐོག་ནས་འགན་དང་གུས་བརྩི་ཡོད་པའི་ཐོག་ནས་ལས་དོན་ལག་བསྟར་བྱེད་དགོས་ཤིང༌། གནས་སྟངས་དེ་འདྲའི་འོག་ནས་བོད་མི་མང་ལ་དྲང་བདེན་གྱི་འཛིན་སྐྱོང་བརྒྱུད་ནས་ཆོས་ལུགས་དད་པ་རང་དབང་དང༌། བོད་མི་རང་ཉིད་ཀྱི་རིག་གཞུང་བརྒྱུད་ནས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཁེ་དབང་དགོས་པ། ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་རྣམས་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས་ལ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ནང་ནས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས། མནར་གཅོད་ངོ་རྒོལ་ལྷན་ཚོགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཉེ་དུས་བཏོན་པའི་ཡིག་ཆའི་ནང་དུ་འཁོད་གསལ་བཞིན། རྒྱ་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཕྲོགས་པའི་སྐོར་གྱི་གནད་དོན་རྣམས་ངོས་ལེན་བྱེད་དགོས་པ། དེ་བཞིན་དུ་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གཏན་འབེབས་བྱས་པའི་དཔལ་འབྱོར་དང། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་བཅས་ཀྱི་ཡིག་ཆ་ལ་མིང་རྟགས་བཀོད་ཡོད་རུང༌། ལས་དོན་ལག་བསྟར་དང་མིང་རྟགས་བཀོད་པའི་ཁས་ལེན་གཉིས་ཀྱི་དབར་ཧེ་བག་ཆེན་པོ་ཡོད་པ་དེ་ནི། བོད་མི་ཚོ་འདོད་བློ་མི་ཚིམས་པའི་བསམ་བློའི་གདན་དོན་ཆེ་ཤོས་དེ་ཡིན་པ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད།
རྒྱ་གཞུང་གིས་ཚོང་དོན་ཁོ་ན་དམིགས་ནས་བོད་ཀྱི་ཁོར་ཡུག་འབག་བཙོག་སྡུག་ཏུ་སོང་ཡོད་པ་དང༌། རང་བྱུང་གི་གཏེར་རྫས་རྣམས་ཚད་གཞི་ལས་བརྒལ་བའི་སྔོགས་འདོན་བྱས་པ། བོད་ཀྱི་འབྲོག་སྡེ་རྣམས་སྤྱི་ཚོགས་གཅིག་ནང་བསྡུས་ཏེ་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་ཁ་བྲལ་དུ་བཏང་བ། རྩ་ཐང་སོགས་འབྲོག་སའི་དགོས་མཁོ་ཆེ་བའི་རིགས་ལ་གཏོར་བཤིག་བྱས་པ་སོགས་ལ་སེམས་འཚབ་ཡོད་ལ། དེ་བཞིན་དུ་བོད་ནས་གསར་དུ་སྐྱབས་བཅོལ་ལ་འབྱོར་མཁན་དང་དུས་ཡུན་གང་འཚམས་སྐྱབས་བཅོལ་ལ་སྡོད་མཁན་ཚོའི་ནང་ནས་མང་པོ་གཞོན་ནུ་ཡིན་པ་དང༌། དེ་དག་ལ་ཤེས་ཡོན་དང་འཕྲོད་བསྟེན། གཞིས་ཆགས་ནས་སྡོད་གནས་སོགས་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།
ྋཏཱ་ལའི་བླ་མ་མཆོག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་གི་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་པས། ྋཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་ཀྱི་དབར་གལ་ཆེན་རང་བཞིན་གྱི་ཞི་མོལ་ཞིག འཛམ་གླིང་རྒྱལ་སྤྱིའི་སྐུལ་བྱུས་ཡོད་པའི་ཐོག་གནང་དགོས་པ་དང༌། དེ་ཡང་ྋཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པའི་ཟིན་བྲིས་ཕུལ་ཟིན་པ་དེ་བཞིན་དུ་ལས་དོན་མཇུག་བསྡོམས་རྒྱག་དགོས་ཡིན།
འཛམ་གླིང་འདིའི་རང་སྐྱོང་ས་ཁུལ་གྱི་གནས་སྟངས་ཁག་ལ་ཉམས་མྱོང་གིས་ལྟ་སྐབས། འཁྲུག་རྩོད་ཞི་འཇམ་དུ་འགྲོ་ཐུབ་པའི་གནད་དོན་གཙོ་བོ་ནི་ས་ཁུལ་ཁག་གི་མི་རིགས་འདྲ་མིན་དང༌། གྲངས་ཉུང་མི་རིགས་སོགས་ཀྱི་གཞི་རྩའི་ཐོབ་ཐང་ལ་དབྱེ་འབྱེད་མེད་པར་གུས་བརྩི་བྱས་པ་དང༌། དེ་བཞིན་རང་སྲིད་རང་སྐྱོང་གི་ས་ཁུལ་གྱི་གནད་དོན་རྣམས་ལ་གུས་བརྩི་བྱས་ཡོད་པའི་དྲིན་གྱིས་ཡིན་པ་ཞིབ་དཔྱོད་ཐུབ་ཀྱི་ཡོད་ལ། ད་དུང་བརྗོད་དགོས་པ་ལ་འཚེ་བ་མེད་པའི་ནུས་པ་འདིས་འཁྲུག་རྩོད་དང་ལོག་རྟོག་ཞི་འཇམ་དུ་གཏོང་གི་ཡོད་ལ། ྋཏཱ་ལའི་བླ་མ་མཆོག་དང་ཁོང་གི་དབུ་ཁྲིད་འོག་ཡོད་པའི་དཔོན་རིགས་ཚོའི་འཚེ་མེད་ཞི་བའི་ལྟ་གྲུབ་དེས་རྒྱ་ནག་ཞི་བདེ་དང་སྲ་བརྟན་གཏོང་ངེས་རེད་ལ། བསྐྱར་ཟློས་བྱེད་རྒྱུ་གཅིག་ནི་སྔོན་དུས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྒྲགས་གཏམ་སྤེལ་ཟིན་པ་དང༌། དེའི་ནང་ྋཏཱ་ལའི་བླ་མ་མཆོག་དང་སྐྱབས་བཅོལ་གཞུང་གཉིས་བོད་མི་མང་གི་ཚབ་མཚོན་ཐུབ་པའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་ངོས་འཛིན་བྱེད་ཕྱོགས་ཀྱི་སྐོར་དེའང་ཚུད་ཡོད་པ་རེད།
གསུམ་པ། ལས་དོན་ལག་ལེན་བསྟར་དགོས་པ། རྒྱ་བོད་གཉིས་དབར་ཞི་མོལ་བྱེད་དགོས་པ་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་དགོས་པ། བོད་རྒྱའི་གྲོས་མོལ་ལམ་ལྷོང་ཡོང་བར་ལྷན་ཚོགས་གསུམ་པ་ཞིག་འཛུགས་དགོས་པ་ནན་བརྗོད་བྱེད་རྒྱུ། བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཁག་དང་འབྲེལ་ནས་མཉམ་ལས་བྱེད་དགོས་རྒྱུ། སྲིད་གཞུང་འདྲ་མིན་གྱི་དཔོན་རིགས་དང་གཞུང་འབྲེལ་མི་སྣ་སོགས་ཀྱིས། ྋཏཱ་ལའི་བླ་མ་མཆོག་ཚོགས་འདུ་སོགས་ལ་གདན་འདྲེན་སྐབས་རྒྱ་ནག་གིས་ངོས་ལེན་དགོས་པ། བོད་ཀྱི་ལས་དོན་ཐད་ཡན་ལག་ལས་ཁུངས་སོགས་ཀྱི་སྐོར་ལ། རྒྱ་ནག་གཞུང་གིས་གནས་ཚུལ་ཁྱབ་གདལ་གཏོང་བཞིན་དུ་ལས་དོན་ལག་བསྟར་དགོས་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་དང་བཙན་བྱོལ་ནང་གི་གྲོས་ཚོགས་འཐུས་མི་བཅས་ཀྱི་མཉམ་འབྲེལ་ཐོག་ནས་ལས་དོན་བྱེད་ཕྱོགས་ལ། རྒྱལ་སྤྱིའི་ཚོགས་པ་ཁག་སོགས་ཀྱིས་ལས་དོན་མདུན་བསྐྱོད་ཐུབ་པར་རྒྱབ་སྐྱོར་དགོས་སྐོར་སོགས་འཁོད་ཡོད་པ་རེད།
འདི་ག་གསར་ཁང་ནས་བོད་བརྒྱུར་བྱས།