ང་མི་ཞིག་ལས་གང་ཡང་རེད་མི་འདུག

རང་གཤིས་གསེར་དུ་འཁྲུལ་བའི་གཤིས་ཀ་མེད།།
རང་རྩིས་ནོར་དུ་རློམ་པའི་ལྟ་བ་མེད།།
རང་ཉིད་བདེན་དུ་འཁྲུལ་བའི་རྣམ་དཔྱོད་མེད།།
མེད་མུག་འདི་གསུམ་རྒྱུན་དུ་ང་ལ་ཡོད།།

གྲགས་ན་སྲིད་པ་འགུལ་པའི་མིང་བྱང་མེད།།
དར་ནས་གླིང་བཞི་བསྐོར་བའི་སྒོར་མོ་མེད།།
དབའ་ནས་གཞན་སྲོག་གཅོད་པའི་མཚོན་ཆ་མེད།།
མེད་མུག་འདི་ཡིས་ང་རང་དམ་དུ་བཏེགས།།

མཚན་རེ་འཁྲུགས་པ་སྤྱོད་པའི་མཇེ་ཤུགས་མེད།།
ཉིན་རེ་ཆོ་འཕྲུལ་སྟོན་པའི་གཡོ་སྒྱུ་མེད།།
ཡོད་ཚད་གཞན་ལ་རེ་བའི་འདུན་པ་མེད།།
མེད་མུག་ཡི་ག་ལོག་པའི་གཅེར་བུ་ཡིན།།

ཆུང་དུས་བརྣག་སེམས་ཆེ་བའི་ངན་སྤྱོད་མེད།།
གཞོན་དུས་ལོང་ཚོ་ཚོང་བའི་འདུན་པ་མེད།།
རྒས་དུས་གཞན་གྱི་གསོ་བར་རེ་སྒུག་མེད།།
མེད་མུག་འཁྲུལ་སྣང་འདི་ཡིས་སེམས་པ་བསླུས།།

སྟོད་ནས་ཇག་པ་བྱས་པའི་ལོ་རྒྱུས་མེད།།
བར་ནས་གཞན་རྒྱུ་རྐུས་པའི་ནག་ཉེས་མེད།།
སྨད་ནས་རང་རིགས་བསླུ་བའི་རེ་འདོད་མེད།།
མེད་མུག་བྱང་ལ་ཆུབ་པའི་མི་རིགས་མིན།།

ཁ་ནས་གང་ཐོན་སྨྲ་བའི་མཁས་འདོད་མེད།།
ཁོག་ནས་གང་ཤར་བྱེད་བསམ་ལག་ལེན་མེད།།
ལུས་འདི་ཚེ་གཡོག་བྱེད་པའི་ཆོ་ལོ་མེད།།
མེད་མུག་འདི་ཡི་མི་ཚེ་རིན་ཐང་བཙལ།།

གཞན་སྲོག་བཅད་དེ་སེམས་ཅན་ཟེར་མྱོང་མེད།།
རང་སྲོག་སྲུང་དེ་གཞན་སྲོག་གཅོད་རྩིས་མེད།།
རང་གཞན་མི་གཅིག་བསམ་པའི་བསམ་བློ་མེད།།
མེད་མུག་ཤར་ཤར་གླེང་བའི་གཡོ་མཁན་མིན།།

བོད་དོན་གླིང་ལ་བསྒྲགས་པའི་བྱས་རྗེས་མེད།།
བོད་མི་རྒྱ་ལ་བཙོང་བའི་ཁེ་གྲགས་མེད།།
བོད་རིགས་ཁ་ཁར་གཏོང་བའི་སྤོབས་པ་མེད།།
མེད་མུག་འདྲེན་མཁན་ཚོ་ལ་ཡི་ཁ་ལོག།