གཉན་ནད་རེག་དུག་གི་ཉིན་མོ།

བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མི་མང་ལ་གཉན་ནད་རེག་དུག་སྐོར་ལམ་སྟོན་གསལ་བཤད་དང། མི་མང་ལ་ན་ཚ་དེའི་སྐོར་གོ་རྟོགས་ག་འདྲ་ཡོད་མེད་དང། ཉེན་ཁ་ག་འདྲ་ཡོད་མེད་ཀྱི་སྐོར་ལ་རི་མོའི་འགྲན་སྡུར་དང། རྒྱུགས་ཤར་འགྲན་བསྡུར་བྱས་ནས་ཨང་རིམ་དང་པོ་ནས་གསུམ་པ་བར་དུ་བྱ་དགའ་གསོལ་རས་གནང་ཡོད་པ་དང། འཕྲོད་བསྟེན་བཀའ་བློན་གྱི་གསུང་འཕྲིན་ཞིག་ཀྱང་སྒྲོག་སྦྱངས་གནང་ཡོད་པ་དང། ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ཀྱིས་གཏམ་བཤད་ཀྱང་བྱས་ཡོད་པ་རེད།

འཕྲོད་བསྟེན་དྲུང་འཕར་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་༢༠༠༨ ལོར་བོད་མི་རྣམས་ལ་གཉན་ནད་རེག་དུག་ཡོད་མེད་བརྟག་དཔྱད་བྱས་པའི་འབྲས་བུ་ག་འདྲ་བྱུང་མིན་སྐོར་བཅར་འདྲི་ཞུས་པར། ཁོང་གིས། ན་ནིང་གཉན་ནད་རེག་དུག་ཉིན་མོ་ནས་འགོ་བཙུགས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ན་ཚ་ཡོད་མེད་བརྟག་དཔྱད་ཀྱི་ལས་འགུལ་ཞིག་རིན་མེད་ཐོག་ནས་སྤེལ་བ་རེད། དེའི་ནང་དུ་བོད་མི་༡༤༠༠༠ ལྷག་ཙམ་མཉམ་ཞུགས་བྱས་པའི་ནང་ནས་ན་ཚ་ཡོད་པའི་དོགས་གཞི་ཅན་མི་བཅུ་དྲུག་བཅུ་བདུན་ཙམ་ཡོད་པ་རེད་ཅེས་གསུངས་སོང། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་དུ་ན་ཚ་དེའི་ཁྱབ་ཚད་ཀྱི་གནས་སྟངས་ག་འདྲ་ཡིན་མིན་དྲིས་པར། ཁོང་གིས། སྤྱིར་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ན་ཚ་ཡོད་མཁན་གཉིས་གསུམ་ཡོད་ཀྱང་མང་དྲགས་པ་ཞིག་རེད། འོན་ཀྱང་གྲངས་འབོར་གྱི་ཆ་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་དེ་འདྲའི་སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཀྱི་མི་འདུག་སྟེ། གཞུང་འབྲེལ་གྱིས་ན་ཚ་ཡོད་མཁན་མི་༢༥ ཙམ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང།adis2

སྤྱིར་ན་ཚ་དེའི་རྐྱེན་གྱིས་འཛམ་གླིང་ཁྱོན་ལ་ད་བར་མི་ས་ཡ་༢༥ འདས་གྲོངས་སུ་ཕྱིན་ཡོད་པ་དང། མི་ས་ཡ་༦༠ ལ་གཉན་ནད་རེག་དུག་གི་ན་ཚ་ཡོད་པར་མཉམ་འབྲེལ་རྒྱལ་ཚོགས་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ན་ཚ་དེ་ཡོད་ཕྱིན་སྨན་ཟས་ནས་ཚེ་སྲོག་རིང་དུ་འཚོ་བའི་ཐབས་ཤེས་ཙམ་ལས་ད་བར་རྩ་བ་ནས་གཅོད་པའི་སྨན་བཅོས་བྱེད་ཐབས་མེད་པའི་འཛམ་གླིང་ཐོག་གི་ན་ཚ་ཉེན་ཁ་ཆེ་ཤོས་ཤིག་ཡིན་པ་རེད།།