ྋགོང་ས་མཆོག་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར།

ཕྱི་ཟླ་༡༡ པའི་ཚེས་༢༨ ཉིན་༧གོང་ས་མཆོག་དྷ་ས་བཞུགས་སྒར་ནས་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར་གནང་ཡོད་པ་དང། གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་ཨོ་སི་ཁྲུ་ལི་ཡའི་སཱིད་ནེ་གྲོང་ཁྱེར་དུ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཕེབས་པ་དང། གསར་འགོད་པས་ཐེངས་འདིར་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་མཆོག་གིས་མཇལ་འཕྲད་མ་གནང་བའི་སྐོར་ལ་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ཐེངས་འདིར་ཁོང་ཆིབས་བསྒྱུར་གནང་བ་དེ་ཁུལ་དེའི་མང་ཚོགས་ཚོར་ཐུག་འཕྲད་གནང་རྒྱུ་ལས། དབུ་ཁྲིད་ཚོར་ཐུག་རྒྱུའི་ཆབ་སྲིད་ལས་དོན་གང་ཡང་མེད་པས། ཐུགས་ཕམ་གང་ཡང་མེད་ལ། སྲིད་བློན་མཆོག་གིས་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་པ་རེད་ཅེས་གསུངས་འདུག
༧གོང་ས་མཆོག་གིས་རྒྱ་བོད་འབྲེལ་ལམ་སྐོར་ལ་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། བོད་ཀྱི་ཐོག་རྒྱ་ནག་གཞུང་གིས་དྲག་པོ་བྱས་ཏེ། གནས་སྐབས་ཀྱི་དཀའ་ངལ་སེལ་རྒྱུ་མ་ཡིན་པར། དངོས་ཡོད་གནས་སྟངས་ཤེས་པ་དང། ཕན་ཚུན་ཡིད་ཆེས་ཀྱིས་ཕུགས་རྒྱང་རིང་པོའི་སྲིད་བྱུས་བཟུང་སྟེ། བོད་ཀྱི་གནད་དོན་སེལ་དགོས་ཀྱི་ཡོད་པ་རེད། རྒྱ་ནག་དམར་ཕྱོགས་ཚོགས་པར་དངོས་ཡོད་གནས་སྟངས་གཞིར་བཟུང་ལས་དོན་བྱེད་རྒྱུའི་ནུས་པ་ཡོད་པ་རེད། སྔར་ལོ་བོད་ནང་གི་དོན་རྐྱེན་དང། འདི་ལོའི་ཤར་ཏུར་ཀི་སི་ཐན་ནང་གི་དོན་རྐྱེན་སོགས་ལ་བརྟེན་ནས། གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལ་བསྐྱར་ཞིབ་དགོས་པའི་དགོངས་འཆར་འདོན་མཁན་ཁག་ཅིག་བྱུང་ཡང། རྒྱ་ནག་གི་དཔོན་རིགས་ནང་ད་ལྟའང་ལྟ་བ་མཁྲེགས་བཟུང་བྱེད་མཁན་མང་པོ་ཡོད་པས། གང་བྱེད་འདི་བྱེད་མེད་པ་ལྟ་བུའི་གནས་སྟངས་འོག་ལྷུང་ཡོད་པ་རེད། གང་ལྟར་རྒྱ་ནག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་མ་ཐག་༧མགོན་པོ་གང་ཉིད་བོད་དུ་ཕེབས་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་གོ་ལའི་ཚ་དྲོད་དང། ཁོར་ཡུག་གི་གནད་དོན་ཐོག་ཐུགས་སྣང་གནང་བ་དེས་ཁོང་ལའང་སེམས་འགུལ་ཐེབས་འོས་པ་ཞིག་ཡིན་པ་དང། དཔལ་འབྱོར་གྱི་ཁེ་ཕན་ལས་ལྷག་པའི་ཁོར་ཡུག་གི་དཀའ་ངལ་སེལ་རྒྱུ་ཨང་དང་པོར་བརྩི་དགོས་པ་དང། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྐོར་ལ་ཐུགས་སྣང་དམིགས་བསལ་དགོས་སྐོར་དང། རང་ཉིད་ཀྱི་ཁེ་ཕན་ཆེད་དུ་འགྲོ་བ་མི་ཡོངས་ཀྱི་བདེ་སྡུག་ཐོག་ལ་བསམ་བློ་གཏོང་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།།