རྒྱ་ནག་ཧེ་ལུང་ཀྱང་ཞིང་ཆེན་དུ་རྡོ་སུལ་འབར་རྫས་ཀྱིས་ཤི་སྐྱོན་ཚབ་ཆེན་ཕོག་པ།

དེའང་དེང་བར་མྱུར་སྐྱོར་ལས་དོན་འགོ་བརྩམས་ནས་བཟུང་ས་དུང་འོག་ཏུ་བརྒྱ་ཆ་དགུ་ཅུའི་ས་ཁྱོན་ནང་མྱུར་སྐྱོབས་དགོས་པའི་ལས་དོན་བརྩམས་ཡོད་ཀྱང་མི་གསོན་པོ་གཅིག་ཀྱང་རྙེད་མེད་པ་རེད།

དེ་སྔོན་རྡོ་སྣུམ་གཏེར་ཁའི་ལས་གཞི་འདིའི་འགོ་ཁྲིད་གཙོ་གཞོན་གཉིས་ལས་གནས་ནས་ཕྱི་ཕུད་བཏང་ཟིན། རྒྱ་ནག་གཞུང་ཕྱོགས་ནས་ས་གནས་རང་ལ་རྟག་དཔྱད་བྱས་པར། གནད་དོན་བྱུང་སྐབས་ལས་བཟོ་བ་528ཡོད་པ་དང༌། ཐེངས་གཅིག་མི་གྲངས་139ས་དུང་ནས་ཕྱིར་མ་ཐར་བ་ལུས་ཡོད་ཅིང༌། དེ་རྗེས་རིམ་གྱིས་མི་འགའ་སྐྱོབས་ཐུབ་པ་བྱུང་ཞིང༌། སྐབས་དེར་བཟོ་པ་421ས་དུང་ནང་ལས་གནས་ཐོག་ཡོད་སྐོར་བརྗོད་འདུག

 

འབར་རྫས་ཐོར་བའི་དོན་རྐྱེན་བྱུང་རྗེས། ས་གནས་སྲིད་གཞུང་ནས་ས་ཁུལ་དེར་ཆེད་ལས་མྱུར་སྐྱོབ་པ་160བཏང་བ་དང༌། དེ་དག་གིས་ཀྱང་ཉིན་མཚན་བར་མེད་ཀྱིས་མྱུར་སྐྱོར་བྱས་ཡོད་པ་རེད། གནད་དོན་མ་བྱུང་བའི་སྔོན་དུ་ལས་བཟོ་བ་མི་གྲངས་372གཏེར་ཁའི་ས་དུང་ནས་ཕྱིར་བྲོས་ཐར་བ་དང༌། དེ་རྗེས་གནོད་སྐྱོན་ཕོག་པའི་བཟོ་པ་48སྐྱོབ་ཐུབ་འདུག

 

རྒྱ་ནག་ཤར་བྱང་དྲ་ལམ་ཟེར་བ་ནས་གནོད་སྐྱོན་ཚབ་ཆེན་ཕོག་མཁན་ནི་བཟོ་པ་ཆོས་ཀྲོང་ལེན་ཟེར་བ་དེ་ཡིན་པ་དང༌། དྲ་ལམ་དེའི་གསར་འགོད་པས་ཆོས་ཀྲོང་ལེན་གྱི་བཟའ་ཟླར་དེའི་སྐོར་བཅར་འདྲི་བྱས་པར་མོས། ཆུ་ཚོད་བརྒྱད་ཙམ་ནས་སྨན་ཁང་ནང་གི་ནད་པ་གཅིག་གིས་ཁ་དཔར་འབྱོར་བྱུང༌བས་གཞི་ནས་ཞོགས་པ་དེར་གཏེར་དུང་ནང་འབར་རྫས་གས་གཏོར་གྱིས་ངའི་ཁྱོ་བོར་སྨས་སྐྱོན་ཚབ་ཆེན་ཕོག་ཡོད་པར་ཤེས་རྟོག་བྱུང༌། ངས་ཁྲག་དམར་འཛར་འཛར་གྱི་ཁྱོ་བོ་ཁོང་མཐོང་དུས་ངོ་མ་ཤེས་སྟབས་སྨན་པས་ངོ་སྤྲོད་བྱས་དུས་ང་རང་སེམས་སྐྱོ་ནས་ངུས་པ་ཡིན་ཞེས་ལན་འདེབས་པ་རེད།

 

འདི་ཟླའི་ཚེས་22ཉིན་གྱི་ཞོགས་པ་ཆུ་ཚོད་7ཐོག་མྱུར་སྐྱོར་མི་སྣ་ས་གནས་དེར་འབྱོར་དུས་གཏེར་དུང་ནང་མི་གྲངས་87རྐྱེན་འདས་དང་མི་21གར་སོང་ཆ་མེད་དུ་གྱུར་ཟིན། ས་གནས་དེའི་རྡོ་སུལ་བསྔོག་འདོན་ཚོགས་པ་དེས་གཏེར་ཁང་དེའི་འགོ་དཔོན་དང་ཡན་ལག་བདེ་འཇགས་སྡེ་ཚན་འགན་འཛིན་གཞོན་པ། དེ་མིན་ཨར་ལས་བཟོ་འགོད་པ་བཅས་གནས་དབྱུང་བཏང་འདུགས་གནས་སྲིད་གཞུང་ནས་ལས་དོན་རུ་ཁག་108བཙུགས་ཏེ་རྡོ་སུལ་གཏེར་ཁང་ཁག་108ཀྱི་བཟོ་པའི་ཁྱིམ་མིར་ལྟ་རྟོགས་དང་སྐྱོབ་གསོ་སྤྲད་ཡོད་པ་རེད།

རྒྱ་ནག་བདེ་འཇགས་དོ་དམ་ཁང་ནས་དོན་རྐྱེན་དེ་གཟའ་སྤེན་པའི་ཞོགས་པའི་ཆུ་ཚོད་2དང་སྐར་མ་30་ཐོག་བྱུང་བ་དང༌། སྲིད་གཞུང་ངོས་ནས་གློག་སྐུད་བརྒྱུད་དེ་སྐྱོན་ཆེན་བྱུང་ཚུལ་བརྗོད་འདུག

 

ཧེ་ལུང་ཅང་གསར་འགྱུར་དྲ་རྒྱ་ནས་གློག་སྐུད་བརྒྱུད་འབར་གས་མ་བྱུང་སྔོན་གྱི་སྐར་མ་53ཐོག་རྡོ་སྣུམ་གཏེར་ཁང་དེའི་གཞུང་ལས་ཁང་དུ་གློག་སྐུད་ལ་སྐྱོན་ཤོར་བའི་གནས་ཚུལ་སྙན་ཞུའི་ཉེན་བརྡ་བྱུང་བ་མ་ཟད། ས་དུང་ཨང་16པའི་ནང་གློག་སྐུད་བེད་སྤྱོད་ཀྱི་རྒྱ་ཁྱོན་འཆར་འགོད་ལས་བརྒལ་ཟིན་པར་ར་སྤྲོད་བྱུང༌།

 

འོན་ཀྱང་གཞུང་ལས་ཁང་གིས་ཉེན་བརྡ་བྱུང་རྗེས་དེ་མུར་ས་དུང་ནང་གློག་གི་འབྱུང་ས་བཀག་ཅིང་ལས་བཟོ་ཡོངས་རྫོགས་ཕྱིར་དོན་དགོས་པའི་གསལ་བསྒྲགས་བྱས་ཡོད་ཀྱང༌། ཉེན་ཁ་ཆེ་བའི་སྐར་མ་53ནང་མི་རྣམས་ས་དུང་ནས་ཕྱིར་ཐར་ལམ་ཆ་ཚང་བ་ཞིག་བཟོ་སྐྲུན་མ་ཐུབ་པར་བརྟེན། གློག་སྐུད་བརྒྱུད་འབར་གས་ཐོར་ནས་མི་མང་པོར་གནོད་སྐྱོན་ཚབ་ཆེན་བཟོས་ཡོད་།

བརྗོད་གསལ་ལྟར་ན་འབར་རྫས་གས་གཏོར་སྐབས་སུ་ཉེ་འཁོར་གྱི་ཁང་པ་འགའི་ཤེལ་སྒོ་ཐོར་ཡོད་པ་དང༌། སྤྱི་ལེ་10མཚམས་ཀྱི་གྲོང་ཁྱེར་ནང་གི་ཡུལ་མི་ཚོས་ཀྱང་གཡོ་འགུལ་ཚབ་ཆེན་བྱུང་བར་ཚོར་ཡོད་པ་རེད།

 

དེང་སང་མྱུར་སྐྱོར་རུ་ཁག་ནས་ད་དུང་ས་དུང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་ས་དུང་འོག་ཁ་རླུང་འགྲོ་ལམ་དང་བརྒྱུད་ལམ་དག་གཏོར་སྐྱོན་ཕོག་པའི་རྐྱེན་གྱིས་མྱུར་སྐྱོར་གྱི་ལས་དོན་ཧ་ཅང་དཀའ་ཁག་ཆེ་ལུགས་ཀྱང་བརྗོད་ཡོད་པ་རེད།

 

ས་གནས་དེའི་རྡོ་སུལ་གཏེར་ཁང་དེར་ལོ་ངོ་90ལྷག་གི་ལོ་རྒྱུས་ཡོད་ཅིང་ལོ་རེར་གཏེར་ཁ་ཏུན་145རེ་ཐོན་སྐྱེད་བྱེད་པ་དང༌། གཞུང་ཕྱོགས་ཀྱི་བརྗོད་གསལ་ལྟར་ན་ན་ནིང་ལོར་གཏེར་ལས་བཟོ་མི་གྲངས་320རྡོ་སུལ་གཏེར་ཁ་བསྔོག་འདོན་གྱི་ལས་གྲྭའི་ནང་རྐྱེན་ལམ་དུ་སོང་ཡོད་སྐོར་བཤད་ཀྱང་དཔྱད་བརྗོད་མི་སྣས་གྲངས་ཀ་དེ་ལས་མང་བར་ཚོད་དཔག་བྱེད་ཀྱི་ཡོད་འདུག

 

འདས་ཟིན་གྱི་ལོ་རྒྱུས་ནང་རྒྱ་ནག་ས་ཁུལ་གང་སར་རྡོ་སུལ་གཏེར་ཁ་བསློག་འདོན་གྱི་ལས་གྲྭའི་ནང་དོན་རྐྱེན་རྫོགས་མེད་ལྷག་བཞིན་པ་དེ་ནི་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་ཁེ་ལས་ཚོང་བདག་ཚོས་འགྲོ་སོང་ཉུང་རུ་གཏོང་ཕྱིར་བཟོ་པའི་བདེ་འཇགས་འགན་སྲུང་གི་བྱ་བར་སྣང་མེད་བཏང་བས་ཡིན་འདུག

 

པེ་ཅིང་གནས་སྡོད་BBCགསར་འགོད་པས་རྒྱ་གཞུང་ངོས་ནས་ན་ནིང་ལོ་ནས་བཟུང་གཏེར་ཁང་དེ་དག་གི་བདེ་འཇགས་ལས་གཞིར་ཐག་གཅོད་ཡོང་ཐབས་སུ་གཏེར་ཁ་བསྔོག་འདོད་བྱེད་མཁན་གྱི་ཁེ་ལས་ཆུང་གྲས་ཁག་མཚམས་འཇོག་བྱས་ཀྱང་དེ་དག་ལ་དོ་དམ་གྱི་ནུས་ཤུགས་མ་མདང་སྟབས་དོན་རྐྱེན་སྣ་ཚོགས་འབྱུང་བཞིན་ཡོད་སྐོར་བརྗོད་ཡོད། པེ་ཅིང་སྲིད་གཞུང་ནས་ལས་གཞི་དེ་དག་གི་བདེ་འཇགས་སྐོར་བཅོས་སྒྱུར་བྱས་ཚར་བ་དང་ན་ནིང་དོན་རྐྱེན་གྱིས་མི་གྲངས་ཤི་སྐྱོན་གྲངས་བརྒྱ་ཆ་15ཉུང་དུ་སོང་ཡོད་སྐོར་བཤད་ཀྱང་གསར་འགོད་པས་བདེ་འཇགས་ཀྱི་གནད་དོན་མུ་མཐུད་འབྱུང་བཞིན་ཡོད་སྐོར་བརྗོད་འདུག

 

འདི་ལོའི་ཟླ་2ཚེས་22ཉིན་རྒྱ་ནག་ཧྲན་ཤིས་ཀུའུ་ཅོ་ཐུན་རྡོ་སུལ་གཏེར་ཁང་ནང་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གྲངས་77རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། དོན་རྐྱེན་དེའི་རྐྱེན་པས་ཧྲན་ཤིས་ཞིང་ཆེན་འགོ་གཙོ་ཝང་ཅུན་གྱི་ མིག་ནང་མཆི་ཞག་འཁོར་བཞིན་ བརྙེན་འཕྲིན་བརྒྱུད་ལམ་དུ་མི་མང་རྣམས་ལ་དགོངས་གསོལ་ཞུས་ཡོད་པ་རེད་འདུག་གོ།