ང་རང་མེད་པོ་རེད། གླེན་པ་རེད།
འཁྲིས་ཀྱི་མི་ཚོས་ང་ལ་གདོན་རྫས་ཟེར།།
མདུན་གྱི་གྲོགས་པོས་ང་ལ་ཁ་ནག་འབོད།།
རྒྱབ་ཀྱི་མགྲོན་པོས་ང་ལ་འཕྱ་དམོད་བྱས།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
ཕྱུག་པོའི་མིག་ལམ་ང་ནི་དབུལ་པོ་རེད།།
དབུལ་བོའི་མིག་ལམ་ང་ནི་ཁྲེལ་མེད་རེད།།
གཞན་མིའི་གྲལ་དུ་ང་ནི་འཁྱམ་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
སྒོར་མོའི་ཆེད་དུ་ང་རང་གཡོག་པོ་རེད།།
ངོ་གསོའི་དྲུང་དུ་ང་རང་དུད་འགྲོ་རེད།།
ཁ་ཚིག་གཏམ་ལ་ང་རང་མེད་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
དག་ཆའི་ཕྱོགས་སུ་ང་རང་ལག་ཆད་རེད།།
སྙན་ངག་ཕྱོགས་ནས་ང་རང་གད་སྙིགས་རེད།།
རྩོམ་རིག་ཕྱོགས་ལ་ང་རང་ལོངས་པ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
མཁས་པའི་མདུན་ན་ང་རང་ཞབས་འདྲེན་རེད།།
མི་རིགས་ཁྲོད་ན་ང་རང་མིག་རྫོད་རེད།།
ལག་རྗེས་ཟེར་དུས་ང་རང་ཁྱི་སྐྱག་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རེད།།
