རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་ན་བོད་དོན་གླེང་དགོས་

འཕེལ་ཆེར བོད་ཀྱི་མེས་པོའི་ལོ་རྒྱུས་ནང་ལྟས་ན་རྒྱ་གར་བ་རྣམས་ལ་བོད་པས་རྒན་ལགས་ཅེས་བརྗོད་ཆོག་པ་ཞིག་མཐོང་།                སྤྱིར་རྒྱ་གར་ནི་རིགས་གཞུང་གིང་གི་ཕྱུག་ལ་མི་མང་གིས་འཚོ་བའི་གནས་ཚད་བཟོ་ཞིང་ཐོན་བསྐྱེད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་རུང་ནང་ཁུལ་ཆོས་ལུགས་འཐེན་ཆེར་དང་གཞན་གྱི་བཙན་འཛུལ་འོག་ཏུ་ལུས་པ་སོགས་དར་གུད་ཀྱི་ལོ་རྒྱུས་སྣ་ཚོགས་ཞིག་བྱུང་མྱོང་བ་དང་ལོ་ངོ་སྟོང་ཁྲག་བརྒལ་བར་མི་རིགས་ཀྱི་ལོ་རྒྱུས་རིང་པོ་ཡོད་པའི་རྒྱལ་ཁབ་ཞིག་ཀྱང་ཡིན་།           དེས་ན་འདིར་དེ་སྔོན་༡༩༤༧ ལོ་དབྱིན་ཇིའི་ལག་ནས་རང་བཙན་ཐོབ་པ་ནས་བཟུང་ད་ལྟའི་བར་ཆབ་སྲིད་ཀྱི་གནས་སྟངས་འདྲ་མིན་གྱིས་ཁྲོད་དུ་རྒྱ་གར་སྲིད་གཞུང་ནས་རང་ཉིད་འཚོ་གནས་ཐུབ་པའི་སྲིད་ཇུས་དང་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལྟ་ཚུལ་ཇི་ཡོད་དེ་དག་གི་བྱུང་རིམ་བཅས་མདོ་ཙམ་ཞུས་ན་།                   དེ་ཡང་༡༩༥༢ལོ་རྒྱ་གར་རྒྱལ་ཡོངས་འོས་འདེམས་ཐེངས་དང་པོའི་ནང་དཔལྡན་ནེཧ་རུ་མཆོག་གིས་དབུ་འཁྲིད་པའི་ཀང་རི་སི་ཤོག་ཁག་ལ་རྒྱལ་ཁ་ཐོབ་།                          དུས་དེར་རྒྱ་གར་ལ་ཕྱིའི་རྒྱལ་ཁབ་མང་པོའི་རོགས་རམ་འོག་མི་མང་གི་འཚོ་གནས་གོང་མཐོར་དང་འཕེལ་རྒྱས་སུ་འགྲོ་མུས་ཡོད་ཀྱང་།       ཧིན་དུ་དང་ཁ་ཆེའི་སྤྱི་ཚོགས་ནང་རིགས་རྒྱུད་འཐབ་རྩོད་ཀྱི་རྩོད་རྙོག་རིམ་པར་བྱུང་བ་མ་ཟད།      མི་མང་ས་ཡ་མང་པོ་རང་རང་གི་ཡུལ་དུ་གནས་སྤོ་བྱ་དགོས་པ་སོགས་ཀྱིས་རྒྱ་གར་སྲིད་གཞུང་ལ་ནང་ཁུལ་དཀའ་རྙོག་ཆེན་པོ་བྱུང་ཡོད་།       རྒྱ་གར་ལ་ས་བབ་ཀྱི་ཆ་ནས་ལྷོ་ནུབ་གཉིས་རྒྱ་མཚོ་ཆེན་པོར་ཐུག་ཡོད་ཅིང་།         བྱང་ཕྱོགས་པ་ཀི་སི་ཐན་དང་།       ཤར་ལྷོ་འབར་མ་དང་།     ཐའེ་ལན་།     བྷང་ལ་དེ་ཤ་།    བལ་ཡུལ་སོགས་ཡིན་པས་དེ་དག་གི་ཚུལ་རྒོལ་བྱེད་པའི་འཇིགས་ཉེན་ཆེན་པོ་མེད་ཀྱང་། རྒྱ་གར་ལ་རང་བཙན་ཐོབ་པ་དང་ཆབས་ཅིག་།         རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་རྒྱུ་དེའང་ཆེས་དངོན་གསལ་ཅན་ཞིག་ཏུ་གྱུར་པས་འཇིགས་ཉེན་དེ་སེལ་ཐབས་ནི་ བོད་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་གི་སྟོབས་ཤུགས་བཀག་འགོག་བྱ་བར་འབད་རྩོལ་བྱ་གལ་ཆེ་བར་མཐོང་བས་༡༩༥༠ལོ་རྒྱ་དམར་བོད་དུ་སླེབས་སྐབས་།རྒྱ་གར་སྲིད་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་བདེ་འཇགས་མེད་པ་ཆགས་ཚུལ་བཤད་མྱོང་བ་དང་ལོ་དེའི་ཟླ་བ་༡༢པའི་ཚེས་༢་ཉིན་ནེཧ་རུས་གྲོས་ཚོགས་ནང་རྒྱལ་ཁབ་གང་ཡིན་ནའང་། རང་ཉིད་ཀྱི་རྒྱལ་མཚམས་ཕ་རོལ་གྱི་ཡུལ་གྲུ་བཙན་བཟུང་དང་བདག་དབང་བྱེད་མི་ཆོག་།               བོད་དང་རྒྱ་ནག་གཉིས་རང་བཙན་གྱི་རྒྱལ་ཁབ་གཉིས་ཡིན་པས་བོད་དུ་དཔུང་འཇུག་བྱ་བར་ངེས་པ་དུ་བོད་མི་མང་གི་འདོད་མོས་ཡོད་མེད་ལ་བལྟ་དགོས་།   ཞེས་གསུངས་། འོན་ཀྱང་ཕྱོགས་ནས་ནེཧ་རུས་དགོངས་ཚུལ་ལྟར་མ་འོངས་པར་རང་གི་རྒྱལ་ཁབ་ལ་གཞན་གྱི་བཙན་འཛུལ་ཡོང་མི་སྲིད་པ་ལྟ་བུར་ངོས་འཛིན་གྱིས་རང་ཉིད་ཞི་བདེ་ལ་དགའ་བའི་ལངས་ཕྱོགས་བརྟན་བརླིང་བཟོ་ཏེ་རང་ཉིད་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་བར་བརྩམས་ཡོད་།                 དེ་བཞིན་དུས་དེར་རྒྱ་གར་གཞུང་ནས་རང་ཉིད་ཀྱི་བྱང་ཤར་མཐའ་མཚམས་ཐད་རྒྱ་དམར་གྱིས་རྙོག་གླེང་མི་བཟོ་བའི་ཆེད་དུ་རྒྱ་ནག་ལ་གྲོགས་པོའི་རྣམས་འགྱུར་མང་དུ་ལྟོན་ཡོད་པ་ཞིག་ལ་༡༩༥༡ ལོར་མཚོན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀོ་རི་ཡའི་གནད་དོན་ཐད་འོས་ཤོག་འཕེན་སྐབས་། རྒྱ་གར་གྱིས་རྒྱ་དམར་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད་༡༩༥༤ལོའི་ཟླ༤ཚེས་༢༩ཉིན་རྒྱ་ནག་སྲིད་གཞུང་དང་ལྷན་དུ་ས་མཚམས་དང་ཚོང་འབྲེལ་སྐོར་གྱི་ཡོངས་གྲགས་སུ་ཟིན་བྲིས་དོན་ཚན་ལྔ་༼panch sheel memorandum༽ཞེས་པའི་གྲོས་ཆོད་བཞག་པ་དང།               བོད་དོན་ཐད་རྒྱ་ནག་ལ་རྩོད་གླེང་མི་བྱེད་པའི་སྲིད་ཇུས་སྤེལ།་ ༡༩༥༩ལོའི་ཟླ༤ཚེས༢༠ཉིན་༧རྒྱལ་བ་རིན་པོ་ཆེས་མ་སུ་རིར་བཙན་བྱོལ་བོད་གཞུང་གསར་འཛུགས་གསལ་བསྒྲགས་མཛད་མ་ཐག་རྒྱ་གར་གཞུང་གིས་ངོས་ལེན་མེད་ཚུལ་གསལ་བསྒྲགས་བྱས་ཡོད་།              འོན་ཀྱང་༡༩༥༣ལོ་ནས་བཟུང་རྒྱ་གར་སྲིད་གཞུང་གི་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་བོད་དང་རྒྱ་གར་གྱི་མཐའ་མཚམས་སྤྱི་དང་དེ་སྔ་གཏན་འཁེལ་གསལ་པོ་མེད་པའི་ས་མཚམས་ཁག་ལ་རྒྱ་དམར་གྱིས་ཧམ་བཟུང་བྱས་པ་སོགས་ཕྱི་ལོ་༡༩༦༢ ལོ་རྒྱ་དམར་གྱི་དམག་དཔུང་གིས་ལ་དགས་ཤར་རྒྱུད་དང་ཧི་མ་ཅལ་མངའ་སྡེའི་མཐའ་མཚམས་ཀྱི་ས་ཆ་མང་པོ་ཞིག་བཙན་བཟུང་བྱས་པ་མ་ཟད།              རྒྱ་གར་ཤར་རྒྱུད་ཨ་སམ་མངའ་སྡེའི་ནང་རྒྱ་དམར་རང་ཉིད་ཀྱིས་ས་མཚམས་སུ་བརྗོད་པ་བར་ཏུ་བཙན་འཛུལ་བྱས་། སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་ནང་རྒྱ་གར་ཕྱོགས་ནས་མི་གྲངས་༥༠༠༠ཙམ་ཤི་ཡོད་པ་དང་༤༠༠༠ཙམ་གསོན་བཟུང་བྱས་ཡོད་འདུག་། རྒྱ་ནག་ཕྱོགས་ནས་ཤི་རྨས་སུ་སོང་བའི་མི་གྲངས་རྒྱ་གར་ཕྱོགས་དང་བསྡུར་ན་གྲངས་ཀ་ཤིན་ཏུ་ཉུང་ཞིང་དམག་མི་གསོན་བཟུང་བྱས་པ་ཅིག་ཀྱང་བྱུང་མེད་པ་འདྲ་།              གང་ལྟར་དེས་རྗེས་རྒྱ་དམར་གྱི་གློ་བུ་དུ་མེག་མ་ཧོང་ས་ཐིག་བྱང་རྒྱུད་བར་དུ་ཕྱིར་འཐེན་བྱེད་པ་པ་དང་ཆབས་ཅིག་རྒྱ་གར་སྲིད་གཞུང་ལ་ཞི་བའི་ཆིངས་ཡིག་འཇོག་པའི་གྲོས་འགོ་བསླངས་དོན་ལྟར་ལོ་དེའི་ཟླ་༡༢་པའི་སིང་གྷ་ཕོང་དུ་ཨེ་ཤེ་ཡའི་མནའ་འབྲེལ་མི་བྱེད་པའི་རྒྱལ་ཁབ་དྲུག་གི་ཚོགས་འདུའི་ཐོག་རྒྱ་དཀར་ནག་ཞི་བའི་ཆིངས་ཡིག་བྱེད་པར་མོས་མཐུས་བྱུང་།            སྐབས་དེར་རྒྱ་དམར་སྲིད་གཞུང་གིས་རྒྱ་གར་ལ་དམག་འཁྲུག་སློང་ཕོད་པའི་རྒྱུ་རྐྱེན་གཙོ་བོ་ཅིག་ལ་ཆེས་ལས་ཞིབ་འཇུག་པ་ཚོས་ཉམས་ཞིབ་བྱས་པ་ལྟར་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ནང་ཁུལ་རྙོག་ཟིང་ཆེ་ཞིང་གལ་ཏེ་རྒྱ་དམར་ནས་དྲག་ཤུགས་བད་སྤྱོད་བཏང་ཚེ་རྒྱ་གར་ལ་དུས་ཡུན་རིང་པོར་དམག་འཁྲུག་རྒྱག་པའི་ནུས་ཤུགས་མེད་པའི་ཚོད་དཔག་བྱས་པས་ཡིན་།           དེ་བཞིན་སྲིད་དོན་ཞིབ་འཇུག་པ་ཚོས་གསུངས་པ་ལྟར་ན་རྒྱ་གར་གཞུང་ལ་ཕམ་བྱུང་བའི་རྒྱུ་ཅན་གཙོ་ནི།              རྒྱ་དམར་སྲིད་གཞུང་གིས་བོད་དུ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་འགོག་རྐྱེན་མི་འཕྲད་པའི་ཕྱིེར། ཐོག་མ་ནས་རྒྱ་གར་ལ་བོད་ཐོག་ཐེ་གཏོགས་མ་བྱས་ཚེ་ས་མཚམས་སྐོར་རྙོག་གླེང་གང་ཡང་མི་བྱ་བའི་དམ་བཅའ་བྱས་པའི་མགོ་སྐོར་འོག་ཚུད་དེ་རྒྱལ་སྤྱིའི་གནས་སྟངས་ལ་ཚོད་དཔག་བྱ་མི་ཐུབ་པའི་སྲིད་ཇུས་དེས་ཡིན་ཟེར་།