ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་གཟིགས་སྐོར།

དེ་ཡང་ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་གཟིགས་སྐོར་གྲུབ་ནས་ཡུན་རིང་མ་སོང་བར། ཁེ་ན་ཌའི་སྲིད་བློན་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད། ཡིན་ནའང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་འཛེམས་ཟོན་མེད་པར་གླེང་སློང་ཤུགས་ཆེན་གནང་སྟེ། རྒྱ་ནག་གི་དཔོན་རིགས་ཚོར་ཟུར་ཟ་བྱས་ཡོད་པས། རྒྱ་ནག་གི་ཉིན་རེའི་ཚགས་པར་སོགས་ནས་ཁོང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སོགས་ཐོན་ཡོད་པ་དང༌། དེ་བཞིན་༢༠༠༦ ནས་ཧཱར་པར་ཁོང་ཁེ་ན་ཌའི་སྲིད་བློན་ཆགས་ནས་བཟུང༌། རྒྱ་ནག་དང་ཁེ་ན་ཌ་གཉིས་དབར་གྱི་འབྲེལ་ལམ་སྡུག་ཏུ་སོང་ཡོད་པ་དང༌། དམིགས་བསལ་གྱི་འདས་པའི་དུས་ཡུན་ནང༌། ཁོང་གིས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་དཔྱད་གླེང་གནང་བ་དང་འབྲེལ་ནས། ཁེ་ན་ཌའི་ཡུལ་མི་ཚོས་ྋགོང་ས་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད་འདུག

ད་ཐེངས་རྒྱ་ནག་ཏུ་སྲིད་བློན་ཧཱར་པར་མཆོག་གིས། ཁེ་ན་ཌའི་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཁ་ཁུ་སིམ་པོར་བཞག་ནས། རྒྱ་ནག་དང་མཉམ་དུ་ཚོང་དོན་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་དང༌། མཉམ་གནས་བརྟན་པོ་བྱེད་རྒྱུར་གདེང་ཚོད་དེ་ཙམ་མེད་སྐོར་གསུངས་ཡོད་པ་དང༌། གཟིགས་སྐོར་འདི་ནི་ ༢༠༠༦ ནས་སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་པ་དང་པོ་དེ་ཆགས་ཡོད་ཅིང༌། ཁེ་ན་ཌའི་ཡུལ་མི་ལས་འགུལ་བ་ཧུས་སི་ཡན་ལ། རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པ་དང་འབྲེལ་བ་ཡོད་ལུགས་བརྗོད་ནས། ད་ལྟའང་ཁོང་རྒྱ་ནག་གི་བཙོན་ཁང་དུ་ཡོད་པར་རྒྱ་ནག་གཞུང་གིས་གློད་གྲོལ་བཏང་མེད་པ་རེད། ༢༠༠༦ ཁེ་ན་ཌའི་སྲིད་བློན་གྱིས་བཙོན་འཇུག་གི་གནད་དོན་དེའི་ཐད་ལ་རྒྱ་ནག་ལ་སྐྱོན་འཛུགས་ཆེན་པོ་བྱས་ཡོད་པས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས་ཁེ་ན་ཌ་ལ་ཉེན་བརྡ་ཐེངས་མང་བཏང་མྱོང་ཡོད་འདུག

ད་ཐེངས་སྲིད་བློན་མཆོག་གིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཝུ་པང་གོ་སོགས། རྒྱ་ནག་གི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པས། རྒྱ་ནག་གི་ཉིན་རེའི་ཚགས་པར་ནང་ཁེ་རྒྱ་གཉིས་དབར་གྱི་“གྲང་ངར་ལ་དྲོད་འཁོར་རྒྱས་སོང་”ཟེར་བ་དང༌། ཡང་“སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་པ་ཕྱིས་དྲགས་སོང། ཡིན་ནའང་དགའ་བསུའི་འཚམ་འདྲི་ད་དུང་ཡང་ཡོད་”ཟེར་བ་སོགས་ཟུར་ཟའི་ཚིག་སྣ་ཚོགས་བཀོད་ཡོད་པའི་རྩོམ་ཡིག་ཐོན་ཡོད་འདུག སྲིད་བློན་མཆོག་རྒྱ་ནག་ནས་ཧོང་ཀོང་དང་ལྷོ་ཀོ་རི་ཡ་སོགས་སུ་ཕེབས་ནས། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་དོན་སྙིང་ལྡན་པའི་གཟིགས་སྐོར་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

.