སེམས་ཁོང་ནས་རང་ཉིད་བོད་མི་ཡིན་པ་ཤེས་རན་རེད།

བསམ་བློ་བོད་དུ་ཕྱོགས་ནས། དམིགས་ཡུལ་བོད་དུ་འཁོར་ནས། སྐད་ཆ་བོད་དོན་དུ་བཤད་དེ། རང་གི་ལུས་ངག་ཡིད་གསུམ་འདིའི་འབྱུང་ཁུངས་ལ་མ་ནོར་བའི་ལམ་ཁ་ཞིག་བཙལ་ནས། ཁྲག་དང་མིག་ཆུ། མནར་གཅོད་དང་གདུང་འབོད། མྱ་ངན་དང་གཉོས་བཅོས་ཁྲོད་དུ། ཕྱིར་མིག་གི་བལྟས་དེ་བཞུད་ཟིན་པའི་སྤུན་ཟླ་དག་གི་བསམ་པའི་རེ་བ་དང་། སྒུག་པའི་རྨི་ལམ་དེ་དག་ལ་བསམ་ནས་རྒྱ་ནག་པོའི་སྲིད་གཞུང་ལ་གཏན་ནས་ཡིད་ཆེས་མ་བྱེད་ཅིག

ད་ནས་་བཟུང་། འུ་ཅག་གིས་བོད་ནི་བསྐལ་བའི་བར་དུ་བོད་ལ་དབང་བ་ལས་རྒྱའི་སྲིད་གཞུང་ལ་མི་དབང་བའི་བདེན་པ་དེ་དག་ར་སྤྲོད་བྱེད་རྒྱུའི་ལས་སུ་འབད་རོགས་ཞུ། ས་མཐའ་གང་ཞིག་ཡོད་ཀྱང་ཆོག ལས་གནས་གང་ཞིག་དུ་ཡོད་ཀྱང་འགྲིག ང་བོད་ཡིན། ངས་བོད་པའི་བདེན་དོན་ཆེད་དུ་འགན་ཞིག་ལེན་དགོས། ང་རང་ལ་རང་གི་ཕ་ཡུལ་གྱི་བདེ་སྡུག་སྲུང་བའི་འགན་ཡོད། ང་རང་ལ་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་། རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་སྙམ་ནས། སྡུག་ན་སྡུག་རོགས། གསོན་ན་གསོན་རོགས། འཆི་ན་འཆི་རོགས་ཟེར་ནས་བློ་གཅིག་སེམས་གཅིག་གི་ལས་འགུལ་སྤེལ་མ་ཐུབ་ཀྱང་། བློ་གཅིག་སེམས་གཅིག་གིས་རང་ཉིད་བོད་ཡིན་པ་བརྗེད་མི་རུང་ལ། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཞིག་དང་། རང་ཉིད་ལ་ཡང་བོད་ཀྱི་ལུས་ཤིག་ཡོད་པ་སེམས་ཁོང་རུས་པའི་གཏིང་ནས་དྲན་ཐུབ་དགོས་ཀྱི་འདུག

དེ་ལྟར་དྲན་ནས་རྒྱའི་སྲིད་གཞུང་གི་རྒྱུགས་ཁྱི་བོད་རྒྱ་སུ་ཡིན་ཡང་། བོད་མི་རིགས་ཀྱི་དགྲ་བོ་དངོས་ཀྱི་དང་མར་བཟུང་དེ། དེའི་རིགས་ལ་འབྲེལ་ལམ་གཅོད་པ་དང་། མི་ངན་དེ་དག་གི་ལག་འོག་གི་རྩེད་ཆས་སུ་མི་གྱུར་བའི་ཐབས་ཤེས་གང་ཡོད་ཅིག་རང་གི་ཉེ་འབྲེལ་དང་ངོ་ཤེས། གཞན་མི་སོགས་བརྒྱུད་དེ། མི་གཅིག་གི་སྲོག་ཡིན་ཡང་། ལྟས་ངན་མི་སེམས་མེད་པའི་གདོན་འདྲེ་དེ་དག་གི་ངན་ཇུས་འོག་དུ་མི་འགྲོ་བའི་ལམ་ཁ་འཚོལ་བ་དང་ཞོར་དུ། རང་ས་ནས་རང་ཉིད་འཚོ་བའི་ཐབས་ལམ་བཙལ་ནས། རང་མི་ལ་རང་གིས་སྲོག་ལས་ཀྱང་། ཡིད་ཆེས་དང་བརྩེ་ཞེན་བྱེད་རྒྱུར་ཐག་ཇེ་ཉེར་གཏོང་རོགས་ཞུ།

ད་ལྟའི་འཆར་འུ་ཅག་ལ་བརྡ་འཕྲིན་གྱི་རྒྱུད་ལམ་མི་ཉུང་བ་ཞིག་ཡོད་པ་འདི་དམ་འཛིན་བྱས་དེ། བོད་མི་སྲུང་སྐྱོབས་ཀྱི་ཐབས་ཤེས་གང་ཡོད་པ་དག མི་ཁ་ནས་གཏམ་ཁ། འཕྲིན་ལམ་ནས་དྲ་ལམ། གློག་ལམ་ནས་ཁ་པར་གྱི་ལམ། བརྒྱུད་ལམ་གང་ན་ཡོད་ན་དེ་ནས་དུས་ཚོད་དམ་འཛིན་བྱེད་པའི་དུས་ཡིན་པ་ལས། རྒྱའི་སྲིད་གཞུང་གི་འདོད་ཐོག་ལ་འགྲོ་རུ་འཇུག་པའི་དུས་ཤིག་གཏན་ནས་མིན། བོད་མི་གཅིག་གི་ཚེ་སྲོག་ནི་བོད་ལ་མཚོན་ན་ཆེས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་དང་རང་ཉིད་ཀྱིས་ཀྱང་དེ་ལྟར་དྲན་ནས། ཤི་བ་ལས་གསོན་ན་ཐབས་ལམ་མང་བ་ངེས་སུ་འཛམ་གླིང་མི་མང་ལ་བདེན་དབུང་བྱེད་པ་དང་། གཞན་ལས་རང་གི་བྱེད་ཐུབ་པའི་ནུས་པ་དེ་དག་སྟོན་རན་རེད།