བྷེལ་ཀོབ་ཏུ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི།
ཟླ་འདི་ཚེས་༥ ཡི་སྔོན་ནས་ཧ་ལམ་རིན་པོ་ཆེའི་༼སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག༽ཞལ་སློབ་མི་གྲངས་༤༠ སྐོར་ཞིག་རིན་པོ་ཆེར་ཐུག་འཕྲད་དུ་བཅར་བ་རྣམས་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐོས་འཕྲལ། ཚེས་༥ ཡི་ཕྱི་དྲོར་ཉག་ཆུ་མགོ་ལོག་ས་གནས་ཉི་ཤཱིས་ལུང་པའི་ཁར་བོད་མི་༧༠ སྐོར་གྱིས་ལམ་ཆེན་ཐོག་ཉལ་ནས་གོང་ཞུའི་རེ་འབོད་ལམ་དུ་མ་བཏང་བ་དང་བོད་མི་བཀག་ཉར་བྱས་པ་རྣམས་གློད་གྲོལ་དགོས་ཞེས། རྒྱ་གཞུང་ལ་ཞི་རྒོལ་གྱི་རྣམ་པ་བསྟན་ཡོད་པ་རེད། ཚེས་༦ ཉིན་གྱི་སྔ་དྲོར་ཞི་རྒོལ་བ་མི་གྲངས་༩༠ ལྷག་དགེ་བཤེས་ལུང་པ་ཞེས་པའི་ས་ཆ་དེར་མི་སྤྱོད་ལས་འདས་པའི་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་ཞིང་། དེའི་ཕྱི་དྲོར་ཨོ་ཐོག་ཧོ་ལུང་ཤཱང་གི་ཉེ་འགྲམ་གྱི་ལམ་ཆེན་སྟེང་ཞི་རྒོལ་བྱེད་མཁན་རྒན་ཁོག་ལོ་ན་བརྒྱད་ཅུ་ཡས་མས་ནས། ཕྲུ་གུ་ལོ་ན་བདུན་བརྒྱད་ཡས་མས་ཀྱིས་གྲུབ་པའི་མི་གྲངས་༤༠༠ ལྷག་གིས་མཚན་གང་རིང་ལག་གཉིས་ཐལ་མོ་སྦྱར་ཏེ་ཤང་སྲིད་གཞུང་ལ་རིན་པོ་ཆེ་ཀློད་གྲོལ་གྱི་རེ་སྐུལ་ཞུས་འདུག ཚེས་༧ ཉིན་ནས་༨ བར་རིམ་བཞིན་གནས་ཚུལ་དེ་ཛ་དྲག་ཏུ་ཕྱིན་ཏེ། གཞུང་ལམ་བརྒྱུད་ཉག་ཆུ་རྫོང་དུ་ཞི་བའི་རེ་འབོད་ཆེད། རྒྱང་བསྐྱོད་བྱེད་མཁན་གྱི་མི་ཚོགས་མང་དུ་སོང་ཡོད་ཅིང་། དམག་མིས་སྒོ་གང་ས་ནས་འགོག་ཐབས་བྱས་རུང་། ཞི་རྒོལ་བ་རྣམས་རི་མགོ་དང་ཤིང་ནགས་བརྒྱུད་དེ་ཤོར་སོང་བ་དང་། སྡེ་བ་དང་ལུང་པ་འདྲ་མིན་མང་པོ་ནས་ཡོང་བའི་ཧ་ཅང་གི་བོད་མི་ཕོན་ཆེ་ཉག་ཆུ་རྫོང་གི་མཐིལ་དུ་སླེབས་ཡོད་པ་དེ་ཚོ་ནི་ཕལ་ཆེར་ཕོ་གཞོན་མོ་གཞོན་རྐྱང་རྐྱང་ཡིན་སྟབས། དམག་མི་དང་ཉེན་རྟོག་པས་དྲག་རྡུང་གིས་རྐང་ལག་བཅགས་པ་དང་། ལམ་ཆེན་སྟེང་འཁྱིལ་བའི་མི་ཁྲག་རྣམས་རླངས་འཁོར་འཁྲུ་བྱེད་ཀྱི་ཆུས་ལམ་ཐོག་ཆུ་བཤལ་བཏང་དགོས་བྱུང་ཡོད་འདུག ཞི་རྒོལ་བ་ཚོས་སྟོད་ཐུང་དང་དངུལ་ཁུག ལུས་ལ་ཡོད་པའི་གཡུ་བྱུར་ཆུང་ཚགས་ཡོད་རིགས་ཀྱང་བཅགས་ནས་གང་བྱུང་དུ་གཏོར་ཡོད་པ་རྣམས་རྒྱ་བོད་གཉིས་ཀའི་ཕྱོགས་ནས་དོ་སྣང་ཙམ་ཡང་བྱེད་མཁན་མི་འདུག་ཟེར། ཚེ་༩ ཉིན་རོབ་རྩིས་བྱས་པ་ལྟར་ན་དགེ་བཤེས་ལུང་པ་ཞེས་པར་ཞི་རྒོལ་བ་མི་གྲངས་༦༠༠ ལྷག་ཡོད་པ་དང་། ཨོ་ཐོག་གི་ཧོ་ལུང་ཤང་དུ་བོད་མི་༣༠༠ ལྷག དེ་བཞིན་རྫོང་གི་ལྟེ་བར་ཞི་བའི་རེ་འབོད་བྱེད་མི་སྟོང་ཕྲག་བཞི་ནས་ལྔ་བར་རོབ་རྩིས་བྱེད་ཆོག ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་བོད་མི་ཞི་རྒོལ་བ་ཚོས་ཟས་མི་རག་པའི་ཐོག དྲག་དམག་གོས་ནག་ཅན་ཕོན་ཆེ་འབྱོར་ནས། ས་ཁུལ་གང་སར་རྒྱང་སྒྲགས་ཐོག་གནས་ཚུལ་ག་རེ་ཆགས་པ་ཁྱོད་ཚོས་ཤེས་ཀྱི་ཡོད་ཚོད་ཡིན་ཟེར་བ་དང་། ཡང་སང་ཉིན་ཉིན་གོང་ཆུ་ཚོད་གསུམ་པ་ཚུན་ཆད་ལོག་ན་ཡག་པོ་རེད། སྲོག་ལ་རིན་ཐང་མི་བརྩི་མཁན་ཡོད་ཀྱི་མ་རེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ང་ཚོ་ལ་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཟེར་བ་སོགས་ཀྱི་སྡིགས་ར་སྣ་ཚོགས་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་བོད་མི་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་རིན་པོ་ཆེར་དྲང་བདེན་གྱི་ཐག་ཆོད་ཅིག་མ་ཡོང་བར་དུ་ཕྱིར་ལོག་བྱེད་ཀྱི་མིན་ཟེར་བཞིན་ཡོད་པ་རེད་ཅེས་མི་མང་ནང་སེར་སྨད་བློ་དགའ་ལགས་ཀྱིས་བསྒྲགས་སོང་། གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་པར་ཁོང་གིས། གནས་ཚུལ་འདི་དག་བོད་ནས་ཁུངས་ལྡན་འབྱོར་བ་རྐྱང་རྐྱང་ཡིན་ཅེས་བརྗོད་སོང་། མེ་སོར་གསར་འགོད་པས།