གཏམ་བརྗོད་ཅིག་ལ་བལྟས་པའི་ཚོར་སྣང།
ཟློས་གར་ཚོགས་ཁང་དུ་འབྱོར་བའི་སྐབས་མི་ཚོགས་ཀྱི་འདུ་ལོང་ཧ་ཅང་ཆེ་བ་དང། ཚོགས་ཁང་གི་རྐུབ་སྟེགས་ཡོངས་རྫོགས་ཁེངས་ཟིན་པ་མ་ཟད། སྐུ་མགྲོན་རྣམ་པའི་མདུན་ཕྱོགས་སུ་གདན་མེད་པར་ས་སྟེང་དུ་སྡོད་མཁན་ཡང་ཧ་ཅང་མང་པོ་འདུག བོད་གཞུང་གི་གནད་ཡོད་མི་སྣའང་གང་མང་ཞིག་ཕེབས་འདུག་ལ། དཔེར་ན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས་བོད་གཞུང་གིས་གཞུང་ཞབས་གང་མང་ཞིག་ཀྱང་ཕེབས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་དབུས་རྒྱུན་ལས་ཕལ་ཆེ་བ། ད་དུང་དྷ་སར་གནས་འཁོད་སྤྱི་འཐུས་རྣམ་པ་ཁག་ཅིག་ཀྱང་ཕེབས་འདུག
སྐབས་འདིར་གཏམ་བརྗོད་དབུ་འཛུགས་མ་བྱས་གོང་དུ་ངོ་སྤྲོད་ཀྱི་ཤིས་ཚིག་གང་མང་ཞིག་སྙན་སྒྲོན་ཞུས་སོང་ལ། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོག་ནས་སྙན་ངག་མིན་ནམ་བསམ་པ་གང་མང་ཞིག་ཀྱང་སྙན་སྒྲོན་ཞུས་སོང། དེ་དག་གི་ནང་དོན་དང་སྒྱུ་རྩལ་གྱི་བྲོ་བ་རེ་རེ་བཞིན་ཕྲན་ལྟ་བུ་སྙན་ངག་ལ་རྨོངས་པ་ཞིག་གིས་རོལ་མྱོང་མ་ཐུབ་པ་ནི་རང་ངོས་ཀྱི་སྐྱོན་འབའ་ཞིག་ལས་ཁོང་རྣམས་ལ་ཁ་རྡུང་གཏོང་འོས་པ་ཆ་ཡི་ཆ་ཙམ་ཡང་གཏན་ནས་མེད་ལ། མདོར་ན་གོ་སྒྲིག་ཡག་པོ་གནང་འདུག།
ཐོག་མ་ལས་རིམ་གཙོ་སྐྱོང་བས་ངོ་སྤྲོད་ཀྱི་སྙན་ངག་གྱེར་འདོན་གྲུབ་པའི་རྗེས་སུ་ལས་འགུལ་འདིའི་སྦྱིན་བདག་གམ་གོ་སྒྲིག་པ་མ་འདུས་མགོན་པོ་ལགས་ཀྱིས་ལས་འགུལ་འདིའི་དགོས་དམིགས་གཙོ་བོ་ནི། བོད་ནང་གི་དངོས་ཡོད་གནས་ཚུལ་དངོས་མཐོང་དངོས་མྱོང་རྣམས་གསལ་སྟོན་བྱེད་ཆེད་དང། བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དགོས་པ་དེ་ཡིན་ཞེས་སོགས་གཏམ་བཤད་ཅིག་གནང་བ་དང། ཁོང་གི་ཕྱག་རོགས་སྔོ་རིང་ཚང་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཀྱང་དེ་མཚུངས་བཞིན་འཁྲབ་སྟོན་འདི་ལྟ་བུ་གོ་སྒྲིག་བྱེད་རྒྱུར་ང་ཚོ་ལ་ཉམས་མྱོང་མཐུན་རྐྱེན་མེད་ཀྱང། ལས་འཆར་འདི་ལ་རྒྱབ་སྐྱོར་དང་རོགས་རམ་ལམ་སྟོན་གནང་མཁན་མང་པོ་ཞིག་བྱུང་བས་ཨ་ཅག་རྒྱ་རི་སྒྲོལ་མ་ལགས་ཀྱིས་གཙོས་རོགས་རམ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་བརྗོད་སོང། དེའི་རྗེས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གཏམ་བརྗོད་དེ་དང་འབྲེལ་བའི་གསུང་བཤད་གནང་བ་དང། འཁྲབ་སྟོན་དངོས་སུ་དབུ་འཛུགས་ཞུས་སོང།
གཏམ་བརྗོད་ཀྱི་འཁྲབ་ཚན་རེ་རེ་བཞིན་དངོས་ཡོད་ཀྱི་ཚོར་བ་སྤྲོད་ཐུབ་པ་དང། ཚོགས་ར་ཡོངས་རྫོགས་ཀྱི་ནང་དུ་མིག་ཆུ་མི་ཤོར་བའི་སྐྱེ་ཕོ་མོ་རྒན་གཞོན་སུ་ཡང་མེད་པ་ལྟ་བུ་འདུག ཁོང་རྣམ་པས་གཏམ་བརྗོད་དེ་ལྟ་བུ་འཁྲབ་ཐུབ་པ་ནི་དུས་རྒྱུན་འཁྲབ་སྟོན་ལ་སྦྱངས་པ་བྱེད་མྱོང་བ་དང། འཁྲབ་སྟོན་ལ་ཞུགས་པའི་ཉམས་མྱོང་ཡོད་པས་མིན་ཡང། ༢༠༠༨ ཀྱི་ལོར་བོད་ནང་གི་ཞི་རྒོལ་ནང་དངོས་སུ་ཞུགས་མྱོང་བ་དང། ལོ་རྒྱུས་གསོན་པོ་དེ་དག་དངོས་སུ་མྱངས་ཡོད་པས་གསོན་ཉམས་དོད་པོ་དེ་འདྲ་ཞིག་འཁྲབ་སྟོན་བྱེད་ཐུབ་པ་ནི། བཙན་བྱོལ་ནང་ཁོང་ཚོ་ཁོ་ན་ལས་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཏུ་མཐོང།
གཏམ་བརྗོད་འཁྲབ་བཞིན་པའི་སྐབས་ལྟད་མོ་བའི་ནང་ནས་ཕོ་གཞོན་ཞིག་གིས་སེམས་ཚོར་གནོན་མ་ཐུབ་པར། རྒྱ་མིའི་ཉེན་རྟོག་པ་འཁྲབ་མཁན་རྣམས་ཀྱིས་བོད་མི་རྣམས་ལ་མནར་གཅོད་བཏང་བའི་གནས་ཚུལ་རྣམས་དངོས་ཡོད་དུ་འཁྲུལ་ནས་སྐུ་མགྲོན་རྣམས་ཀྱི་བཞུགས་སྟེགས་སོགས་ལས་བྱ་འཕུར་བ་ལྟར་མཆོངས་ནས་གར་སྟེགས་ཀྱི་སྟེང་དུ་ཉེན་རྟོག་པ་འཁྲབ་བཞིན་པ་རྣམས་ལ་ཡ་ལན་སློག་ཐབས་བྱས་སོང། འཁྲབ་སྟོན་པ་རྣམས་ཀྱིས་བཀག་ནས་འཁྲབ་སྟོན་ཡང་རེ་ཞིག་མཚམས་འཇོག་རང་བཞིན་གྱིས་བྱེད་དགོས་བྱུང་ཞིང། གནད་དོན་དེའི་ཐོག་ནས་ཤེས་ཐུབ་པ་ནི་ཁོང་རྣམས་ཀྱི་འཁྲབ་སྟོན་པ་དངོས་ཡོད་ཀྱི་བྲོ་བ་ཧ་ཅང་ལྡན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཆོག་ཆོག་ཅིག་ཏུ་གྱུར་སོང།
གང་ལྟར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་འཁྲབ་སྟོན་དེའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་མི་སྣ་འདུག་ལ། འཁྲབ་སྟོན་གྱི་ངོ་བོ་ཡང་དེ་མཚུངས་བཞིན་མདོ་དབུས་ཁམས་གསུམ་གྱི་ངོ་བོ་མཚོན་གང་ཐུབ་བྱས་འདུག གོང་དུ་བརྗོད་པ་བཞིན་ངོ་སྤྲོད་བྱེད་པའི་སྐབས་ཀྱང་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོག་ནས་བྱེད་བཞིན་འདུག མདོར་བསྡུས་ན་གཏམ་བརྗོད་དེ་གསོན་ཉམས་ལྡན་པ་དང། ཚོར་བ་དངོས་སུ་སྤྲོད་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་འདུག་ལ། གཏམ་བརྗོད་འདི་བརྒྱུད་ནས་བོད་ནང་གི་༢༠༠༨ ལོའི་ཞི་རྒོལ་གྱི་གནས་སྟངས་ཀྱང་ཤེས་རྟོགས་ཐུབ་པ་སོགས་དགེ་མཚན་ཧ་ཅང་མང་པོ་ལྡན་འདུག
ཞིབ་ཏུ་བསམ་བློ་བཏང་ན་ད་དུང་ཞིབ་ཚག་ཏུ་གཏོང་དགོས་པའང་མང་པོ་འདུག་མོད། འཁྲབ་སྟོན་པ་མང་ཆེ་བ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡིན་པས་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་གཟའ་ཉི་མ་སོགས་སུ་ཟུར་སྦྱོང་བྱས་པ་ཡིན་པས་དེ་ལྟ་བུ་ཞིག་འཁྲབ་སྟོན་བྱེད་ཐུབ་པ་དེའང་ཧ་ཅང་གིས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད།
ངས་བལྟས་ན་གཏམ་བརྗོད་དེའི་ནང་དུ་ངོ་རྒོལ་སྐད་འབོད་ཀྱི་རྣམ་པ་འཁྲབ་སྟོན་བྱས་པ་སྔ་ཕྱི་ཁག་མང་པོ་འདུག་ཀྱང། ༢༠༠༨ ལོར་བོད་ནང་དུ་ཡོངས་གྲགས་སུ་གྱུར་པའི་འབོད་ཚིག་གཅིག་གཏན་ནས་ཐོས་རྒྱུ་མི་འདུག དེ་ནི་བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཅེས་པ་དེ་རེད། དོན་དངོས་ཁོང་རྣམས་ལ་མཚོན་ན་བོད་ནང་དུ་དངོས་སུ་ལས་འགུལ་ཁྲོད་ཞུགས་ཡོད་པས། སྐབས་དེ་དུས་བོད་རང་བཙན་གཙང་མ་ཡིན་ཞེས་པ་དེ་བརྗོད་མྱོང་མེད་དམ། བོད་ནང་ནས་བཀྲམ་པའི་སྦྱར་ཡིག་ཁག་གི་ནང་དུ་བོད་རང་བཙན་གཙང་མ་ཡིན་པ་ཞེས་བྲིས་པ་དེ་པར་བརྒྱབ་ནས་ཁྲ་ལམ་མེར་ལོ་སྔོན་མ་ནས་བཙན་བྱོལ་ནང་ཡོངས་གྲགས་སུ་གྱུར་ཟིན་ལ། ཡུལ་ལུང་སོ་སོའི་མི་རྣམས་ཀྱིས་གསར་འགྱུར་མཁོ་སྤྲོད་བྱེད་པའི་སྐབས་ཀྱང་བོད་རང་བཙན་གཙང་མ་ཡིན་ཞེས་སོགས། སྐད་འབོད་བརྒྱབ་འདུག་ཅེས་ཡིག་ངག་གཉིས་ནས་བརྗོད་མཁན་ཧ་ཅང་མང་པོ་འདུག ད་རེས་བོད་ནང་གི་དངོས་ཡོད་གནས་ཚུལ་མཚོན་པའི་འཁྲབ་སྟོན་བྲོ་བ་ཅན་དེའི་ནང་དུ་བོད་རང་བཙན་གཙང་མ་ཡིན་ཞེས་པའི་སྐད་འབོད་གཏན་ནས་མེད་པ་འདིས་ལོ་སྔོན་མའི་གནས་ཚུལ་དག་ཁུངས་ལྡན་ཡིན་མིན་གྱི་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་འདུག བོད་ནང་ནས་ཡིག་ཆ་འགྲེམས་སྤེལ་བྱས་པ་འདིར་འབྱོར་བ་རྣམས་ཀྱང་ཚད་ག་འདྲ་ཞིག་ཏུ་ལྷུང་སོང་བ་རེད། ཅེས་པ་འདི་དྲི་རྟགས་ཤིག་ཏུ་གྱུར་འདུག
ངའི་ལྟ་ཚུལ་དང་དངོས་ཡོད་ཉམས་མྱོང་ཐོག་ནས་གནད་དོན་དེའི་ཐོག་ལ་དབྱེ་ཞིབ་ཅིག་བྱས་ན། དེ་ནི་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་དོན་པ་རེ་ཟུང་གིས་ལམ་སྟོན་དང་འབྲེལ་ནས་བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་པའི་འབོད་ཚིག་དེ་འཁྲབ་སྟོན་སྐབས་ཕྱིར་འཐེན་བྱས་པ་ཞིག་ཡིན་ངེས་སྙམ།
༢༠༠༧ ལོར་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱི་སྐད་འབོད་གནང་བའི་སྐབས་ཀྱང་བོད་རང་བཙན་ཞེས་སྐད་འབོད་བརྒྱབ་ཚུལ་འབྲེལ་ཡོད་མི་སྣ་རྣམས་ཀྱིས་སྐབས་དེ་དུས་ང་ལ་བརྗོད་སོང་ལ། ཡིག་ཐོག་ཏུའང་དེ་མཚུངས་བཞིན་འཁོད་ཡོད་པ་རེད། རྗེས་སུ་འབྲེལ་ཡོད་ཅིག་དྷ་རམ་ས་ལ་ནས་དུས་ཡུན་གང་ཙམ་བསྡད་ནས་གངས་སྐྱིད་ཀྱི་སྲིད་དོན་པ་ཁག་ཅིག་དང་འབྲེལ་བ་བྱུང་བའི་རྗེས་སུ། ཨ་གྲགས་ཀྱི་སྐད་འབོད་ནང་བོད་རང་བཙན་ཞེས་བརྗོད་པ་དེ་ང་ཚོའི་ཡིག་ཐོག་ཏུ་འཁོད་པ་ཅུང་ཙམ་འགྲིག་མི་འདུག་ཅེས། ང་ལ་བརྗོད་སོང། ངས་དེ་འགྲིག་དང་མི་འགྲིག་གི་གནད་དོན་མ་རེད། ཁོང་གིས་སྐད་འབོད་གང་བརྒྱབ་པ་དེ་ང་ཚོས་ཡིག་ཐོག་ཏུ་འགོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་རྒྱུ་བྱུང་ལ། དོན་དངོས་ཐོག་སྲིད་དོན་པ་དེ་དག་གིས་བྱེད་སྟངས་ལ་སེམས་གཏིང་ནས་ཞེ་ཁྲེལ་ཐེངས་གཅིག་མི་སྐྱེ་ཀ་མེད་བྱུང།
ད་ལྟའི་འཁྲབ་སྟོན་འདི་ལ་མཚོན་ན་ཆད་མི་རུང་བའི་ཚིག་གཅིག་ཆད་འདུག་པ་དེ། གངས་སྐྱིད་ཀྱི་སྲིད་དོན་པ་རེ་ཟུང་གི་ལམ་སྟོན་འོག་ནས་བོད་རང་བཙན་དང། རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་པའི་བོད་ནང་གི་འབོད་ཚིག་གལ་ཆེ་ཤོས་དེ་གནས་དབྱུང་གཏོང་དགོས་བྱུང་བ་ཡིན་ངེས་ལ། སྟབས་ཉེས་པ་ཞིག་ལ་ཕྲན་༢༠༠༨ ལོའི་ཞི་རྒོལ་ནང་གཏན་ནས་ཞུགས་ཐུབ་ཐབས་མེད་ཀྱང། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༤ ཉིན་ལྷ་སའི་སྐད་འབོད་ལ་ཐད་ཀར་ཁ་པར་བརྒྱུད་ནས་ཉན་རྒྱུའི་གོ་སྐབས་བྱུང་བ་མ་ཟད། སྐབས་དེ་དུས་སྤྱི་འཐུས་ཁག་ཅིག་དང། བཀའ་བློན་ཁྲི་པ་མཆོག་ལའང་ངའི་ལག་འཛིན་ཁ་པར་བརྒྱུད་ནས་ཐད་ཀར་གསན་བཅུག་པ་ཡིན། སྐབས་འབོད་དེ་དག་གི་ནང་དུ་ངས་གོ་བ་ནི་བོད་རང་བཙན་གཙང་མ་ཡིན་ཞེས་པ་དེ་འདུག་ཀྱང། ཁ་སང་གི་གཏམ་བརྗོད་དེའི་ནང་དུ་ཚིག་དེ་མི་འདུག་པས། ང་རང་གིས་ཨ་མཆོག་དང། ལོ་སྔོན་མའི་ནང་གནས་ཚུལ་སྤྲད་པ་ཁག་བདེན་པ་ཡིན་མིན་ལ་ཐེ་ཚོམ་རང་བཞིན་གྱིས་སྐྱེས་དགོས་པ་ཞིག་བཟོས་སོང། ངས་བལྟས་ནས་བོད་རང་བཙན་གྱི་སྐད་འབོད་བྱས་པ་དེ་དག་གཏམ་བརྗོད་ནང་མ་འཁོད་ན་ཡག་གི་རེད་ཅེས་ལམ་སྟོན་གནང་མཁན་བྱུང་ནས་ཁོང་རྣམ་པས་ཕྱིར་འཐེན་མི་བྱེད་ཀ་མེད་དུ་གྱུར་པ་ཡིན་གྱི་རེད་བསམ་བཞིན་ཡོད་པས། གཏམ་བརྗོད་འཁྲབ་མཁན་རྣམས་ལ་ལེ་བརྡ་གང་ཡང་བྱེད་ཀྱི་མེད།
མདོར་བསྡུས་ན་གོང་དུ་ལན་མང་བརྗོད་པ་བཞིན་གཏམ་བརྗོད་དེ་ཧ་ཅང་གི་བྲོ་བ་ལྡན་པ་ཞིག་དང། དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་བྱས་ནས་འཁྲབ་སྟོན་གནང་སོང་བས་སེམས་གཏིང་ནས་བསྔགས་བརྗོད་ཞུ་ཡུལ་ཞིག་ཏུ་གྱུར་འདུག་ལ། རིམ་བཞིན་ཡར་རྒྱས་སུ་བཏང་ནས་དངོས་ཡོད་བདེན་པའི་གནས་ཚུལ་ཕྱོགས་ཡོངས་སུ་ཁྱབ་བསྒྲགས་ཤུགས་ཆེ་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད།།