བླ་མ་ལགས། ད་ཕ་ཡུལ་ལ་ཕེབས་རོགས།


སྡུག་བསྔལ་ལ་ཟད་མཐའ་ཡོད་དགོས་ལ།

བདེ་སྐྱིད་ལ་དབུ་འཁྱུད་བཀོད་རན་པར་བདེན་ན།

རང་རིགས་ཀྱི་བློ་གྲོས་དང་དཔའ་ངར་བསྐྱེད་དེ།

བླ་མ་ལགས། ད་ཕ་ཡུལ་ལ་ཕེབས་རོགས།

 


ས་མཐའི་མི་རྣམས་ལ་རང་དབང་གི་དམིགས་ཚད་ཡོད།

གཞན་ཡུལ་གྱི་མི་ཚོགས་ལ་གུ་ཡངས་ཀྱི་དམངས་གཙོའང་མཆིས།

མུན་ནག་ཤར་གླིང་དེ་ཁྱེད་ཀྱི་གདུལ་ཞིང་ཡིན་པར་བདེན་ན།

བླ་མ་ལགས། ད་ཕ་ཡུལ་ལ་ཕེབས་རོགས།

 


འབྲོག་པ་རྒས་པོ་ཁྱེད་སྒུག་ཡུན་རིང་མཐར་ཕྱི་མིའི་ལམ་དུ་བཞུར།

ཞིང་པ་རྒས་མོ་སྐྱོ་གདུང་འཚུབ་ཐེངས་མང་བས་ཨ་ཐང་གཏིང་ནས་ཆད།

ཡོངས་རྫོགས་རེ་བའི་ཤུལ་ཙམ་ལས་ལྷག་མེད་པར་བདེན་ན།

བླ་མ་ལགས། ད་ཕ་ཡུལ་ལ་ཕེབས་རོགས།

 


མི་ཡུལ་སྐྱིད་ཀྱང་རང་ཡུལ་དོར་ཐབས་མེད།

རང་ཡུལ་སྐྱོ་ཡང་ཕ་མེས་ཀྱི་གཞིས་ཁྱིམ་རེད།

ཁྱེད་གངས་ཅན་པའི་མགོན་སྐྱབས་ཡིན་པར་བདེན་ན།

བླ་མ་ལགས། ད་ཅིས་ནས་ཀྱང་ཕ་ཡུལ་ལ་ཕེབས་རོགས།

 


བླ་མས་ཞི་བདེའི་གཟིངས་རྟགས་བཞེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་ཉིན་བྲིས།