མངའ་སྡེའི་ཁ་བྲལ་འཐབ་རྩོད་ཀྱིས་བོད་མིར་གྱོང་གུད་ཕོག་འདུག
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་གྱི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་གཞུང་གིས་ཊི་ལན་གྷ་ན་ཟེར་བ་ཨིན་ཌི་ར་མངའ་སྡེ་ནས་ཁ་བྲལ་ཏེ་ལོགས་སུ་བཙུགས་ཆོག་པའི་ཐག་གཅོད་བྱས་ཡོད་པས། མངའ་སྡེའི་གྲོས་ཚོགས་ནས་དབུས་གཞུང་གི་ཐག་གཅོད་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང། ཆབ་སྲིད་མི་སྣ་རེ་ཟུང་གིས་ཉིན་གྲངས་མང་པོའི་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག དཀའ་ངལ་དེ་དག་གི་འོག་ནས་མངའ་སྡེ་བློན་ཆེན་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་རེད། དབུས་གཞུང་གི་ཐག་གཅོད་དེ་དང་འབྲེལ་ནས་སྔོན་དུས་དབུས་གཞུང་ལ་མངའ་སྡེ་ལོགས་སུ་དགོས་འདུན་འདོན་མྱོང་མཁན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ནས་གོ་ཁར་བལ་པོའི་མི་རིགས་ཚོས་ཀྱང༌། ཊི་ལན་གྷ་ན་བཞིན་ནུབ་བྷན་གྷལ་མངའ་སྡེ་ནས་ཁ་བྲལ་ཏེ། མངའ་སྡེ་ལོགས་སུ་དགོས་པའི་རེ་འདུན་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༢༡ ཉིན་རྒྱ་གར་དབུས་གཞུང་གིས་ལྷོ་ཕྱོགས་ཊི་ལན་གྷ་ན་དང། བྱང་ཤར་གོ་ཁར་བལ་པོའི་མི་རིགས་ཀྱི་སྐུ་ཚབ་སོགས་ཆེད་བསྐོང་གནང་ནས་འཐུས་མིའི་ཚོགས་འདུ་ཆེན་པོ་ཞིག་འཚོག་འཆར་ཡོད་རུང༌། མི་མང་པོ་ཞིག་གིས་ཚོགས་འདུ་དེས་ཐག་གཅོད་གང་ཡང་བྱེད་ཐུབ་ཀྱི་མིན་པའི་བསམ་ཚུལ་ཤོད་བཞིན་ཡོད་པ་རེད། དབུས་གཞུང་གི་ངོས་ནས་གང་མགྱོགས་ཚོགས་འདུ་མ་འཚོག་ན། མངའ་སྡེ་ཁ་བྲལ་གྱི་རྔམ་སྟོན་ཁྲོམ་སྐོར་སོགས་སུ་དྲག་པོའི་ལས་འགུལ་སྤེལ་བར་འཇིགས་སྣང་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་བརྒྱུད་ལམ་ཁ་ཤས་ནང་ཉེ་དུས་ཀྱི་ལས་འགུལ་ནང་མའོ་ཚོགས་པ་སོགས་ཀྱི་ཤུགས་རྐྱེན་ཡོད་ཚུལ་ཡང་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།