༸གོང་ས་མཆོག་གྷུ་ཇུ་ར་ཏི་མངའ་སྡེར་ཕེབས་འཆར།
གཞན་ཡང་ཚོགས་འདུ་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང། གྷུ་ཇུ་ར་ཏིའི་སྤྱི་ཁྱབ་བློན་ཆེན། ཧི་མ་ཅལ་སྤྱི་ཁྱབ་བློན་ཆེན། ཨུ་ཏར་ཨན་ཅལ་སྤྱི་ཁྱབ་བློན་ཆེན། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་གྱིས་གཙོས་དགེ་འདུན་པ་༤༠༠ ཙམ་དང། བསྡོམས་མི་གྲངས་༦༠༠ ཙམ་ལྷན་ཞུགས་གནང་རྒྱུ་རེད་འདུག ཚོགས་ཆེན་དེའི་འགྲོ་གྲོན་ཆེད་གྷུ་ཇུ་ར་ཏི་མངའ་སྡེའི་གཞུང་ནས་ཧིན་སྒོར་ས་ཡ་བཅུ་བཏང་ཡོད་པ་རེད།
ཚོགས་འདུའི་བརྗོད་གཞི་ཁག་ནི། གྷུ་ཇུ་ར་ཏིའི་ཁུལ་གྱི་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་དང། ནང་ཆོས་ཀྱིས་ཞབས་འདེགས་ག་རེ་སྒྲུབ་དགོས་པ་བཅས་ཡིན་པ་རེད། ཚོགས་ཆེན་དེའི་ཐོག་ཆེད་རྩོམ་སྙིང་བསྡུས་འདྲ་མིན་༡༨༣ འབྱོར་རྒྱུ་ཡོད་པའི་ནང་ནས་༡༤༤ ད་ཆ་གྷུ་ཇུ་ར་ཏིར་འབྱོར་ཟིན་ཡོད་པ་མ་ཟད། དེའི་ནང་ནས་ཆེད་རྩོམ་སྙིང་བསྡུས་༤༥ རྒྱལ་སྤྱིའི་མི་སྣ་ཁག་གི་ཡིན་འདུག
ྋགོང་ས་མཆོག་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༥ ནས་༩ བར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་དང༌། ཁུལ་དེར་ཕྱི་ཚེས་༥ ནས་༨ བར་ཉིན་བཞིའི་རིང་མང་ཚོགས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་སྟོད་པ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཆོས་དང་། ཕྱི་ཚེས་༩ ཉིན་མང་ཚོགས་ལ་ཚེ་དབང་གནང་རྒྱུ། དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ྋགོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་བཅས་ཡིན་པ་རེད།
གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ཁག་གྲུབ་རྗེས་ཨོ་རི་ས་ཕུན་ཚོགས་གླིང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་དང༌། ཕྱི་ཚེས་༡༣ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་གི་དགོན་ཁང་གསར་དུ་དབུ་འབྱེད་དང་འབྲེལ་བླ་མ་གསང་རྡོའི་ཐོ་རེངས་ཚལ་དུམ་བུ་བཞི་དབང་བཀའ་དྲིན་བསྩལ་རྒྱུ་དང༌། ཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༥ ཉིན་གྷུ་ཇུ་ར་ཏིར་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།།
