སྙིང་གཟེར་སྟབས། མུད་པའི་སྒོ་མོ་ཕྱེ་སོང་།

རྩུབ་ནས་རུས་པ་འཐོར་ཡང་མ་རིག་ཐལ།།
ནང་ནས་ཤ་ཁྲག་སད་ཀྱང་མ་ཤེས་ཐལ།།
འཁྲིས་ནས་རང་མི་གཏུབ་ཀྱང་མ་མཐོང་ཐལ།།
འདི་འདྲ་འདི་ནི་རྒུད་པའི་སྔ་འདྲེན་རེད།།

རྒྱང་གི་བྲན་གཡོག་བྱེད་ལ་རྨི་ལམ་གཏོང་།།
རྒྱང་གི་གྲོང་ཁྱེར་འགྲིམ་ལ་རེ་བ་མང་།།
རྒྱང་གི་བུད་མེད་འགྲོག་རྒྱུར་འདོད་པ་ཆེ།།
རིགས་རུས་རྩ་མེད་གཏོང་བའི་སྔ་ལྟས་རེད།།

བརྩེ་བའི་ཞེ་འདང་མི་དགོས་སྒོར་མོ་དགོས།།
དྲིན་ཆེན་དྲིན་ལན་མི་འདོད་ངོ་གཡོག་འདོད།།
མི་ཚེ་རིན་ཐང་མི་སྙེགས་དཔལ་འབྱོར་བཙལ།།
འགྲོ་བའི་བྱམས་བརྩེ་བཤིག་པའི་ཆོ་འཕྲུལ་རེད།།

གོང་ན་སྐྲག་སའི་མི་ཞིག་མེད་ན་ཟེར།།
བར་ན་ཆགས་སའི་མི་ཞིག་མི་དགོས་ཟེར།།
གཞུག་ནས་འབོད་པའི་སྐྱེ་དམན་མི་མཁོ་ཟེར།།
དོན་ལ་འགན་འཁུར་མེད་པའི་འཁྱམས་པོ་རེད།།

བོད་ཡིག་སྤྱང་ན་རང་མགོ་མི་ཐོན་གླེང་།།
བོད་སྐད་བཤད་ནས་ཁ་ལག་མི་རེག་གླེང་།།
བོད་ལྭ་གྱོན་ན་ལུས་ལ་མི་བདེ་གླེང་།།
བོད་ཞེན་རྩ་བ་བརླག་པའི་གཡབ་མོ་རེད།།

རང་གི་ཤེས་པ་གཞན་གྱིས་མི་ཤེས་འདོད།།
གཞན་གྱི་ཤེས་པ་རང་གིས་ཁས་མི་ལེན།།
རང་གཞན་ནམ་ཡང་མཐུན་འདོད་མི་བྱེད་པ།།
རང་གཞན་མཐུན་ལམ་ཆད་པའི་སྔོན་བརྡ་རེད།།

རིགས་ཀྱི་བརྡ་དག་སེམས་ལ་མེད་སོང་ན།།
རིགས་ལ་རང་དབང་ཐོབ་ཀྱང་དོན་མེད་རེད།།
རིགས་ལ་ཞེན་རྩ་དཀར་པོ་མེད་སོང་ན།།
རིགས་པའི་རྒྱལ་བོ་ཡིན་ཡང་དགོས་མེད་རེད།།