གནས་སྟངས་ལ་གཞིགས་ཏེ་མཐུན་རྐྱེན་སྦྱར་དགོས།

ཟླ་འདི་ཚེས་༢༧ ཉིན་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་དོན། “སྤྱིར་ཤེས་ཡོན་ནི་མིའི་བློ་རྩལ་དང༌། རྣམ་དཔྱོད། བྱ་སྤྱོད་སོགས་གང་ཅི་གོང་སྤེལ་གྱིས་མི་བཟང་པོ་དང༌། ནུས་པ་ལྡན་པ། སྤྱི་སྒེར་གཉིས་ལ་ཕན་པའི་ཕྱིར་ཡིན་ཅིང༌། བོད་རིགས་ན་གཞོན་རྣམས་ལ་དེ་ལྟའི་བློ་རྩལ་སྐྲུན་པའི་འགན་འཁུར་བ་ཁག་གཅིག་ད་རིང་འདིར་འཛོམས་ཡོད་པས་རྣམ་པ་ཚོ་དང་རྣམ་པ་ཚོ་བརྒྱུད་ནས་དགེ་ལས་གཞན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདས་པའི་མི་ལོ་ལྔ་བཅུའི་ནང་གཙོ་བོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་རླབས་ཆེན་དགོངས་གཞི་དང༌། རྒྱ་གར་གཞུང༌། ཕྱི་རྒྱལ་གཞུང་སྒེར་རོགས་སྐྱོར་བ་ཁགསློབ་གྲྭ་ཁག་གི་དགེ་ལས་རིམ་བྱོན་རྣམས་བཅས་ཀྱི་བཀྲིན་ལས་བཙན་བྱོལ་གྱི་གནས་སྟངས་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་ཐུབ་པ་ནི་ང་ཚོའི་གཟི་བརྗིད་ཡིན།
ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་དང༌། རིག་གནས། དབྱིན་སྐད། བཟང་སྤྱོད། སྤྱིར་བཏང་ཤེས་བྱ་དང༌། ཚན་རིག་སོགས་གང་ཅིའི་ཐོག་སློབ་སྦྱོང་སྤྲོད་བཞིན་པ་དང༌། སྐབས་བཅུ་གཉིས་པའི་བཀའ་ཤག་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདོན་གནང་མཛད་པའི་ཤེས་ཡོན་སྲིད་བྱུས་གསར་པ་གྲོས་ཚོགས་ཀྱིས་གཏན་འབེབས་གནང་སྟེ་མེས་དབོན་དཔེ་སྟོན་སློབ་གྲྭ་འཛུགས་གནང་གིས་ལོ་ངོ་བཞི་ལྷག་འགྲོ་བཞིན་ཡོད་པ་དང༌། གནས་སྟངས་དང་ཆ་རྐྱེན་ལ་བསྟུན་ཏེ་སློབ་གྲྭ་གཞན་ཁག་ཏུའང་ལག་བསྟར་བྱེད་བཞིན་པ་བསྔགས་འོས་སུ་གྱུར་ཡོད་པ་དེ་ལྟར་ཡང༌། རྒྱུན་དུ་ྋགོང་ས་མཆོག་གི་བཀའ་སློབ་ནང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་རྒྱབ་དགོས་གསུངས་པ་ལྟར། བོད་ཀྱི་སྐད་ཡིག་དང༌། རིག་གནས། ལྷག་པར་དུ་ནང་ཆོས་སོགས་ཀྱི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་རིགས་ལམ་མཐོ་སློབ། དེ་བཞིན་ནོར་གླིང་མཐོ་སློབ་དང༌། དབུས་སྨན་རྩིས་ཁང་མཐོ་སློབ་བཅས་ཡོད་ཁར་ད་དུང་བོད་པ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས། གཞན་བོད་རིགས་མ་ཡིན་པ་ཐུགས་སྣང་ཅན་ཁག་གཅིག་ལ་གོ་སྐབས་མི་ཐོབ་པའི་གནས་སྟངས་ཡོད་པར་བརྟེན། བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཆེ་ཁག་ཏུ་བོད་བརྒྱུད་ནང་བསྟན་དང༌། སྐད་ཡིག་གཞན་བཅས་ཚད་དང་ལྡན་པའི་སློབ་སྦྱོང་སྤྲོད་རྒྱུའི་གོ་སྐབས་སྐྲུན་ཐུབ་པའི་ཆ་རྐྱེན་ཡོད་ཐོག་ལག་བསྟར་ཐུབ་ཚེ་གོ་སྐབས་འཕར་མ་དང༌། བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་ལ་ཡང་ཐུགས་ཕན་གསོས་པ་ཡོང་ངེས་ཡིན།
དེང་རབས་ཤེས་ཡོན་ཐོག་ད་ལྟའི་སྒྲོམ་གཞི་ཡོད་བཞིན་པའི་ནང་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་དང་འབྲེལ་བའི་སྲིད་བྱུས་འགྱུར་འགྲོས་ཁག་ལ་ཐུགས་སྣང་ཐོག་དགེ་རྒན་གྱི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དང༌། མཐུན་རྐྱེན་བཟང་དུ་གཏོང་རྒྱུ། འབྲིང་རིམ་སློབ་གྲྭ་ནས་བཟུང་མ་འོངས་མདུན་ལམ་གྱི་སློབ་སྟོན་ཤུགས་ཆེར་གཏོང་རྒྱུ། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་གཙོས་ཡིག་རྒྱུགས་ཆེན་མོར་སྨན་པའི་དམིགས་བསལ་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེར་མཐོང༌། ལྷག་པར་དུ་ph.d ལྟ་བུའི་ཉམས་ཞིབ་དང༌། ཆེད་ལས། ཁྱད་ལས་སོགས་རིགས་གཅིག་རྐང་འཛིན་བྱ་འདོད་ཡོད་རིགས་ཀྱི་སློབ་མ་ཚོར་སོ་སོའི་ནང་མིའི་དཔལ་འབྱོར་གནས་སྟངས་ལ་གཞིགས་ཏེ་དཔལ་འབྱོར་གྱི་མཐུན་རྐྱེན་ཆ་ཚང་བ་སྦྱོར་རྒྱུ་དང༌། ཡང་ན་སྐྱེད་མེད་བུན་གཡར་གྱི་མཐུན་རྐྱེན་ངེས་པར་དུ་སྦྱོར་དགོས་པ་མཐོང༌། ལར་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང༌། དམིགས་བསལ་ལས་རིགས་སློབ་སྦྱོང་སྤྲོད་སའི་སྒྲིག་འཛུགས་ཁག་ཏུ་བོད་རིགས་ལ་Fulbright ལྟ་བུའི་ཞབས་སྟེགས་ཟུར་འཛུགས་མཐུན་རྐྱེན་མང་དུ་གཏོང་ཐུབ་ཚེ་ཕན་ཐོགས་ཡོང་ངེས།
སློབ་ཕྲུག་གི་ཀུན་སྤྱོད་ཐོག་སློབ་ཕྲུག་རང་ངོས་ནས་དང༌། ཕ་མ། དགེ་རྒན། སློབ་གྲྭའི་འཛིན་སྐྱོང་བཅས་ཕྱོགས་ཚང་མས་ཐུགས་འགན་བཞེས་དགོས་པ་དང༌། ཉེ་ཆར་སློབ་གྲྭ་ཁག་གཅིག་ནང་འདྲི་ཤོག་རྐུ་ཤོར་བྱུང་བའི་གནས་ཚུལ་ཐོན་པ་འདི་ནི་ཐབས་སྐྱོའི་གནས་ཚུལ་ལ་བརྟེན་མ་འོངས་པར་འདི་རིགས་མི་འབྱུང་བའི་དམ་དོན་གནང་གལ།
ད་རིང་ནས་བཟུང་ཉིན་ལྔ་རིང་གྲོས་གཞི་གཏན་འབེབས་ཐོག་གོ་བསྡུར་གཏིང་ཟབ་གནང་སྟེ་ྋགོང་ས་མཆོག་གི་དགོངས་གཞི་ལྟར་སྤྱི་ཚོགས་ཀྱི་དགོས་མཁོ་བསྒྲུབ་ཐུབ་པའི་འགྱུར་བ་དང༌། འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་ལ་སྨན་པའི་བྱ་གཞག་ཆེན་པོ་སྒྲུབ་པའི་ཆ་རྐྱེན་དུ་འགྱུར་བའི་རེ་བ་ཞུ་བཞིན་ཡོད།”ཅེས་གསུངས་ཡོད་པ་རེད།།