ལོ་ གཅིག་ལ་ཕྱི་མིག་བལྟས་པ། {རང་གི་འཚོ་བ།}
ཉིས་སྟོང་དགུ་ལོའི་ནང་དུ་ང་རང་གི་གང་བྱས་འདུག དེ་ནི་ང་རང་གི་ཨེས་སུ་རལ་དུ་འབྱོར་ནས་ལོ་གཅིག་པོ་འདི་ཡི་ནང་དུ། མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་མགོ་བཙུགས་ཏེ་ཉི་མ་རེ་རེ་བཞིན། ཉིན་གུང་ཆུ་ཚོདབཅུ་གཉིས་དང་ཕྱེད་ཀ་ནས་ནང་ནས་སྒོར་བུད་དེ། ལས་ཀ་བའི་རླངས་འཁོར་ལ་བསྒུགས་ནས་རླངས་འཁོར་ནང་དུ་བུད་དེ་ལས་ཀར་སོང་། ཆུ་ཚོད་བཞི་བ་བར་དུ་ལས་ཀ་བྱས། དེ་ནས་ལས་གསེང་ཆུ་ཚོད་གཉིས་རིང་དུ་བྱས། ལས་གསེང་གི་ཆུ་ཚོད་གཉིས་ཀ་རྫོགས་ནས་ཕྱིར་ཐབ་ཚང་ནང་དུ་ལས་ཀར་སོང་། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་ལས་མཚམས་བཞག ནང་དུ་འབྱོར་དུས་ཆུ་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔ་ནས་བཞི་བཅུའི་བར་ཡིན།
གཟའ་འཁོར་གཅིག་ལ་གུང་གསེང་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ཡོད། དེ་ནི་གཟའ་པ་སངས་དང་སྤེན་པ་གཉིས་ཡིན། སྤེན་པའི་དགོང་མོ་རྟག་པར་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད། ལས་ཀ་བྱ་ས་ནས་རང་ཉིད་ལ་མ་བྱན་གྱི་ལས་ཀ་ཐོབ་ཡོད་ལ། མ་བྱན་ཞིག་གི་ཚོད་ཀྱིས་ཐོབ་ཐང་ཡང་མི་ཉུང་བ་ཞིག་འདུག་ན་ཡང་། ས་ཆ་འདི་དང་བསྡུར་ནས་བཤད་ན། ང་རང་ལ་དེ་འདྲའི་ཧ་ལས་པའི་གླ་ཆ་སོགས་མགྲོན་ཁང་གཞན་ནས་རེག་བཞིན་པའི་ཐོབ་ཐང་དེ་ནི་ང་རང་ལ་ཕལ་ཆེར་མེད་ཟེར་ན་འགྲིག འོན་ཀྱང་། ངའི་གླ་ཆ་དེ་ནི་རྒྱ་གར་གྱི་སྒོར་མོར་བསྒྱུར་ན་དངོས་གནས་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མ་རེད།
ཟླ་གཅིག་གི་རིང་དུ་ང་རང་ལ་གླ་ཆ་ཧིན་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། ཚུར་ཡོང་བ་དེ་ནི་ཆར་བ་འབབ་འབབ་དང་ཕར་འགྲོ་བ་དེ་ནི་ཆུ་ལོག་རྒྱུགས་རྒྱུགས་རེད། ཚུར་ལེན་པ་ནི་སྟོང་ཕྲག་བརྒྱད་ཅུ་ལེན་གྱི་ཡོད་ཀྱང་། ཕར་ཟླ་གཅིག་གི་འགྲོ་སོང་ནི། ཟླ་གཅིག་གི་རིང་ལ་སྟོང་ཕྲག་དགུ་བཅུ་མ་ཟིན་ཙམ་ཡིན་དུས། ང་རང་གིས་ལས་ཀ་དེས་ངེད་བཟའ་མི་གང་བོའི་འགྲོ་སོང་ཡང་ལོངས་ཀྱི་མི་འདུག་སྟབས། ངས་ལོ་གཅིག་གི་ཕྱི་མིག་དང་ཉམས་མྱོང་འདི་ལ་བརྟེན་ནས། རང་གིས་ད་ནི་མགྲོན་ཁང་སྤྱིའི་འགན་འཛིན་ལ་རང་གི་ལས་སྒྱུར་བྱེད་པའི་སྐད་ཆ་བཤད་པ་ཡིན།
ཁོས་ང་རང་ལ་ལས་སྒྱུར་བྱེད་དོན་གང་ཡིན་ཟེར། ངས་དེ་ནི་ང་རང་ལས་ཀ་འདི་ནས་བྱས་དེ་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པའི་ལས་ཀ་གཅིག་ཀྱང་བསྒྲུབས་མ་སོང་། དེ་ཡི་སྟབས་ཀྱིས་ང་རང་གིས་ལས་ཀ་འདི་ནས་འགྲོ་འདོད་ཡོད་པ་དེ་ཡིན་ཟེར་ནས་བཤད་པ་ཡིན། ཁོས་དེས་ན་ཁྱེད་རང་གཟའ་ཉི་མའི་ཉིན་ང་རང་གི་ལས་ཁུངས་ནང་དུ་ཤོག དེ་ནས་འུ་གཉིས་ཀྱིས་གྲོས་མོལ་བྱེད་ཆོག་ཟེར་བས་ངས་ཀྱང་ཁོ་ལ་ཨུ་ཚུགས་མ་བྱས། རྒྱུ་མཚན་ནི་ལོ་གསར་བ་སླེབས་ཀྱི་ཡོད་སྟབས། མགྲོན་ཁང་ནང་དུ་མི་མང་བོའི་ཁྲོད་དུ་ཁོ་རང་ཡང་ཁོམ་གྱི་མི་འདུག་ལ། མགྲོན་ཁང་འདི་ན་ལས་ཀ་བ་གཅིག་པོ་མི་ཉིས་བརྒྱ་ལྷག་ཡོད་པས། མི་གཅིག་གི་གནད་དོན་དེ་ནི་ལས་སླ་བོ་ཡིན་ན་ཡང་། རེ་རེ་ལ་བསམ་བློ་གཏོང་དགོས་དུས་ཁག་པོ་ལོས་ཡོད་སྙམ་ནས། ང་ཡང་རང་གི་ཐབ་ཚང་ནང་དུ་ཕྱིར་ལས་ཀ་བྱེད་དུ་སོང་བ་ཡིན།
གང་ལྟར། ལོ་གཅིག་གི་ནང་དུ་ལས་ཀ་རྐྱང་རྐྱང་བྱས་པའི་ཁྲོད་དུ་མཚམས་རེར་ཕྱོགས་བསྐྱོད་དུ་ཡང་ས་ཁུལ་ཁ་ཤས་ཤིག་ལ་སོང་བ་ཡིན་ལ། དེ་ནི་ལས་ཀའི་གསེང་གི་བྱས་པའི་བྱ་བ་གཞན་ཞིག་ཡིན། འོན་ཀྱང་། ལོ་གཅིག་ལ་ལས་ཀ་བྱས་ཀྱང་སྒོར་མོ་བསག་རྒྱུ་ཕར་ཞོག འགྲོ་སོང་ཡང་མི་ཉུང་བ་ཞིག་བཏང་འདུག དགའ་རོགས་མས་བུ་མོ་གཉོར་སྐྱོང་བྱས་ཏེ་ནང་དུ་འདུག་དགོས་དུས། ང་རང་ཕྱི་ལ་སོང་སྟེ་ལས་ཀ་བྱེད་མཁན་གཅིག་པུ་དེ་ཆགས་ཡོད།
ད་ནི་ལོ་གཅིག་གི་ཉམས་མྱོང་འདིས། ལོ་རྗེས་མའི་ནང་དུ་གྱོང་མི་རེག་པའི་ལས་ཀ་ཞིག་གི་མགོ་བརྩམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ། བསག་རྒྱུ་མེད་པའི་ལས་ཀ་ཞིག་ལས་པ་ལས། ལས་མེད་དུ་བསྡད་དེ་ངལ་གསོ་ཞིག་རྒྱག་རན་ཡིན་པའི་སྐོར་ལ་ངེད་བཟའ་མི་གཉིས་ཀ་གྲོས་ཁ་འཆམས་ཡོད། དེས་ན་ལོ་གསར་བ་འདིས་ནང་དུ་ངའི་ལས་གླ་འཕར་ནས་ལས་ཀ་རང་འཇག་བྱེད་སྲིད་དམ། ཡང་ན། ལས་སྐྱུར་བྱས་དེ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་གནས་སྤོ་བྱོས་དེ་ངལ་གསོ་རེ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་ལ་འདུག་སྲིད་པ་རེད་དམ་སྙམ་ཞོར། བརྙན་འཕྲིན་ལས་ཉིས་སྟོང་བཅུ་ལོ་གསར་བའི་རྒྱལ་ཁབ་གཞན་དག་གིས་ཤོག་སྤག་མེ་ཏོག་སྤར་བཞིན་པ་བལྟས་དེ། ལོ་གསར་བའི་ལྦུ་ཆང་། བདག་གི་དགའ་རོགས་མ་དང་དགའ་རོགས་མའི་གྲོགས་མོ། གྲོགས་མོའི་ཚ་བོ་བཅས་ཀྱིས་འཐུང་མགོ་བརྩམས་ནས། དགའ་རོགས་མའི་གྲོགས་མོས་ང་རང་ལ་ལྦུ་ཆང་ཞིག་བཏེགས་དེ་ཚུར་ཕེབས་དུས། ངས་མགོ་བོ་ཐད་དུ་གཡུགས་ཞོར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ང་རང་ལ་རེ་བ་ཞིག་སེམས་ཁོང་ན་ཡོད་པ་དེ་ནི། ང་རང་གི་ལས་ཀའི་སྐོར་མ་ཡིན་པར། བོད་ནང་གི་བོད་མི་དག་གིས་རང་ཅག་ཁ་བའི་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་ཞལ་མཇལ་ཐོབ་མིན་དེ་ཡི་སྐོར་རེད། དེ་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཁ་གཡང་ཞིག་འབོད་ན་འདོད། ༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ནས། བོད་མི་སྐྱ་སེར་ཁྲི་སྟོང་མང་བོས་སེམས་ཁོང་གི་རྨ་ཁ་དེ་གསོས་དེ་བོད་ཡུལ་རང་དབང་གི་ཉི་མ་ཞིག་ཤར་བར་ཤོག
