གཞོན་ནུའི་གསལ་བསྒྲགས་ཀྱི་ལས་འགུལ།
དེ་ཡང་ཟླ་བ་སྔོན་མའི་ཚེས་༣༡ ཉིན་དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོས་འགྲེལ་བརྗོད་གནང་བ་ལྟར་ན། གཞོན་ནུའི་གསལ་བསྒྲགས་ཁང་གི་ས་ཆ་དེ་ཆོས་རིག་དྲུང་ཆེ་མཆོག་གིས་རིན་མེད་ཐོག་ནས་མཁོ་སྤྲོད་གནང་ཡོད་པ་དང༌། གསལ་བསྒྲགས་ཁང་འདིའི་ཁོངས་སུ་ཕྱག་ལས་གནང་མཁན་དྷ་ས་ནས་མི་གྲངས་༡༤ དང༌། རྡོར་གདན་ནས་༡༨ དེ་བཞིན་ཝཱ་ན་ནས་ས་གནས་གཞོན་ནུའི་དང་བླང་བ་༡༢ ཙམ་ཕེབས་ཡོད་པ་བཅས་ཀྱིས། རྡོར་གདན་ས་གནས་སུ་མི་མང་ཐུག་འཕྲད་ཀྱི་བརྡ་ལན་རྒྱང་འབོད་དབྱིན་སྐད་དང༌། ཧིན་སྐད། རྒྱ་སྐད་གསུམ་གྱི་ཐོག་ནས་གནང་བཞིན་ཡོད་པ་དང༌། མེ་འཁོར་འབབ་ཚུགས་སུ་ཉིན་མཚན་དབྱེ་མེད་ཆོས་ཞུ་བ་ཚོར་རླངས་འཁོར་འཚོལ་རོགས་དང་རྒན་ཁོག་ཚོའི་ཅ་དངོས་དབོར་འདྲེན་གྱི་ཞབས་ཞུ་སོགས་གནང་བཞིན་འདུག
༧གོང་ས་མཆོག་གི་གསུང་ཆོས་དབུ་འཛུགས་གནང་པ་དང༌། གཞོན་ནུའི་ངོས་ནས་ཛ་དྲག་ཚོགས་ཆུང་བཙུགས་ནས། གཙོ་བོར་ནད་པ་ཛ་དྲག་ཅན་ཚོ་ཕར་སྐྱེལ་ཚུར་ལེན་དང་སྨན་ཁང་དུ་སྐྱེལ་དགོས་བྱུང་རིགས་ལ་རོགས་པ་བྱེད་རྒྱུ། དེ་བཞིན་གསུང་ཆོས་ར་བའི་ནང་སྔ་དྲོར་ཆུ་བཀྲམ་ནས་གད་ཕྱིས་ཀྱི་ལས་འགུལ་སོགས་སྤེལ་འཆར་ཡོད་སྐོར་དང༌། ས་གནས་འདིར་གསལ་བསྒྲགས་ཀྱི་ལས་འགུལ་དང་བསྟུན་ནས་བོད་ཕྱི་ནང་གཉིས་ཀྱི་སྐོར་དངོས་བྱུང་གི་པར་རིས་འགྲེམས་སྟོན་དང༌། བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་ནས་ལོ་༤༠ འཁོར་བའི་ནང༌། ལས་འགུལ་སོགས་ཇི་ལྟར་སྤེལ་མྱོང་ཡོད་མེད་ཀྱི་སྐོར་བཅས་ལ་པར་རིས་འགྲེམས་སྟོན་ཞིག་གནང་བཞིན་འདུག།
ས་གནས་ནས་འདི་གའི་གསར་འགོད་པས།
