གནའ་བོའི་གཞུང་ལམ་སྟེང་གི་མི།
དེ་ནི་གནའ་བོའི་མི་རབས་ཤིག་གི་གཏམ་རྒྱུད་རེད་ཟེར་ནས་སུས་ཀྱང་ང་ལ་གསལ་བོ་ཞིག་བཤད་མ་མྱོང་ལ། ངེད་ཚང་དུ་ཕེབས་མྱོང་བའི་ཁོ་བོས་ཀྱང་། ངེད་ཚང་ནས་འགྲོ་ཁར་སྐད་ཆ་གསལ་བོ་ཞིག་ཀྱང་མ་བཤད་པ་མ་ཟད། འགྲོ་ཁར། ང་འགྲོ་བཞིན་ཡོད། བདེ་མོ་བྱོས། གཅིག་བྱས་ན་སླར་ཡང་མཇལ་སྲིད་ཟེར་བ་སོགས་གང་ཡང་མ་གསུངས་པར་ཁོ་རང་བུད་སོང་བར་ང་ཚོས་གླེང་བཞིན་ཡོད།
གང་ལྟར། ང་རང་མི་ལོ་ཉི་ཤུ་ཟད་དེ་སུམ་བཅུ་བརྒལ་ན་ཡང་། ངས་ད་དུང་ངེད་ཚང་ལ་ཡོང་བའི་ཁོ་བོའི་རྐང་རྗེས་ཙམ་ལ་ཡང་ཞིབ་འཇུག་བྱེད་ཐུབ་མ་སོང་བ་མ་ཟད། ངས་རང་གི་འགྲོ་འདུག་འདི་ཡང་རང་ཉིད་ལ་དབང་མིན་མི་ཤེས་པའི་གནས་ཤིག་དུ་བསྐྱེལ་འདུག དོན་དངོས་ཐོག་ངེད་ཚང་དུ་ཡོང་མཁན་གྱི་ཁོ་བོ་དེ་ནི་སུ་ཡིན་ནམ། དེ་ནི་སྔ་མོ་སྔ་མོ་ཞིག་ཡིན་སྲིད་དམ། སྐབས་དེར་ངེད་ཚང་དུ་ཡོང་བ་བདེན་ན། ངས་རང་གི་ཨ་མྱེ་ལ་དྲིས་ན། ཨ་མྱེ་ལ་ཁོ་བོ་ངེད་ཚང་དུ་ཡོང་བའི་གཏམ་རྒྱུད་གསལ་བོ་ཞིག་གསུང་རྒྱུ་ཡོད་སྲིད་ངེས་ཡིན།