རྡོར་གདན་དུ་༧གོང་ས་མཆོག་གི་གསུང་ཆོས།
དེ་ཙམ་མ་ཟད་སྡིག་པར་འགྲོ་བའི་ཉེན་ཁ་ཡོད་པ་རེད། དེས་ན་ཆོས་ཤོད་པ་པོ་དང་ཉན་པ་པོ་ཚང་མས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཆོས་ཉན་བཤད་བྱེད་དགོས་པ་རེད་ཅེས། ༧གོང་ས་སྐྱབས་མགོན་ཆེན་པོས་གསུང་ཆོས་དབུ་འཛུགས་སྐབས་བཀའ་སློབ་བསྩལ་སོང༌།
དེ་ཡང་ཚེས་༥ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང༌། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱིས་གཙོས་རིས་མེད་ཀྱི་བླ་སྤྲུལ་དང་གདན་ས་གསུམ་གྱི་མཁན་བླ་སྤྲུལ་ལས་ཟུར་རྣམ་པས། སྤོས་སྣེ་སྤྱན་རྒྱ་དང་བཅས་གདན་འདྲེན་ཞུས་ནས་ྋགོང་ས་མཆོག་བཞུགས་ཁྲི་རུ་ཞབས་སོར་འཁོད་རྗེས། དགའ་ལྡན་ཁྲི་རིན་པོ་ཆེས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་སོང། དེ་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པར་བསྟོད་པ་དང། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་རྫོགས་ཆེན་སེམས་ཉིད་ངལ་གསོ། རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་བཅས་ཀྱི་གསུང་ཆོས་དབུ་འཛུགས་མ་གནང་གོང། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དགའ་ལྡན་ཁྲི་ལ་ཡར་ཕེབས་ནས། བྱང་རྩེ་ཆོས་རྗེ་གསར་པ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་གིས་གསར་མཇལ་དང་འབྲེལ་༧གོང་ས་མཆོག་གིས། ཁོང་འདིར་ཕེབས་ཡོད་པ་རེད། ཁོང་ནི་མཁས་གྲུབ་གཉིས་ལྡན་རེད་ལ་ངོས་ནས་གཙང་པའི་དགེ་བཤེས་ལགས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས། བཞད་མོ་དང་སྦྲགས་ནས་གསུངས་སོང༌། ཡང་༧གོང་ས་མཆོག་གིས། དེ་རིང་ང་ཚོ་འཛོམས་དོན་དེ་ཚོགས་འདུ་འཚོགས་པ་ཡང་མ་རེད། ལྟད་མོ་ཆེན་མོ་འདྲ་བསྟན་ནས་འཛོམས་པའང་མ་རེད། སངས་རྒྱས་པའི་ཆོས་ཉན་བཤད་ཀྱི་དོན་དག་ལ་འཛོམས་པ་རེད་ཅེས་དང༌། ཁོང་གིས་གྲྭ་པའི་སྤྱོད་ལམ་གྱི་སྐོར་ལ་བཀའ་སློབ་གནང་དོན། སྐྱེས་དམན་ཕྲུ་གུ་ཡོད་མཁན་ཚོས་གྲྭ་ཆས་གྱོན་དགོས་དོན་མི་འདུག སྐྱེས་དམན་དང་ཕྲུ་གུ་ཡོད་མཁན་གྲྭ་ཆས་གྱོན་མཁན་དེ་འདྲ་ཡོད་པས། དེང་དུས་གྲྭ་པ་ཨ་ཞེ་ཡོད་མཁན་རེད་དམ། གྲྭ་པ་ཨ་ཞེ་མེད་མཁན་རེད་ཅེས་འདྲི་དགོས་པ་ཞིག་ཡོད་པ་དེ་ཞབས་འདྲེན་རེད། མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་སྐབས་ནས་ཚིག་གི་བདག་པོས་ཚིགས་སུ་བཅད་ནས། རབ་བྱུང་ངུར་སྨྲིག་གི་སྡེ་དང། གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཞེས་ལོགས་སུ་དགར་ནས་གསུངས་ཡོད་པ་རེད་ཅེས་གསུངས་སོང༌།
ཐེངས་འདིའི་གསུང་ཆོས་ཀྱི་སྦྱིན་བདག་ཁག་གསུང་ཆོས་ཀྱི་གསུང་རབ་རྣམས་དེབ་གཟུགས་སུ་བསྐྲུན་པའི་ནང་འཁོད་གསལ་ལྟར་ན། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང། དགའ་བྱང་མཁན་ཟུར་བློ་བཟང་ཚེ་འཕེལ་ལགས། ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ཁྱིམ་ཚང༌། ཝ་ལུང་ཨ་མ་ལྷ་སྐྱིད་ཁྱིམ་ཚང༌། འཕེལ་རྒྱས་ཚང་པད་སྒྲོན་ལགས་བཅས་ཡིན་པ་རེད། ཚེས་༩ ཉིན་དགེ་ལྡན་སྨོན་ལམ་ཚོགས་པ་དང། གསུང་ཆོས་སྦྱིན་བདག་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་པ་རེད། སྐབས་འདིར་མི་སེར་སྐྱ་མི་མང་གི་འདུ་ཚོགས་ཧ་ཅང་རྒྱ་ཆེ་བས་གྲངས་ཀ་ངེས་གཏན་ཁ་གསལ་མ་རྙེད་ཀྱང་ཁྲི་ཕྲག་མང་པོ་འདུ་འཛོམས་བྱུང་འདུག །ས་གནས་ནས་འདི་གའི་གསར་འགོད་པས།