རྡོར་གདན་དུ་མི་ལ་རས་པའི་རྣམ་ཐར་འཁྲབ་སྟོན།

དེ་ཡང་ཟླ་འདིའི་ཚེས་༡ ཉིན་གྱི་དགོང་དྲོ་རྡོར་གདན་བཀའ་དགོན་གྱི་ཉེ་འགྲམ་དུ། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་བླ་སྤྲུལ་མཁན་ལས་ཟུར་དང། སྨོན་ལམ་གྱི་སྦྱིན་བདག་ཁག རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ། ཆེད་དུ་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་པའི་རྒྱལ་ཁབ་འདྲ་མིན་གྱི་ཆོས་ལུགས་མི་སྣ་ཁག་གིས་གཙོས། ལྟད་མོ་བ་གྲངས་ཁྲི་༣ ལྷག་ཙམ་འཛོམས་འདུག མི་ལའི་རྣམ་ཐར་འཁྲབ་སྟོན་གྱི་སྡིངས་ཆ་གོ་སྒྲིག་བྱེད་སྟངས་དེ། རྒྱལ་སྤྱི་རང་བཞིན་འཁྲབ་སྟོན་གྱི་ཚད་གཞིར་སླེབས་ཡོད་པ་དང༌། དེ་བཞིན་འཁྲབ་སྟོན་དེ་བརྙན་འཕྲིན་བརྒྱུད་ནས་ཁ་ཐུག་རྒྱལ་ཁབ་འདྲ་མིན་གྱི་མི་མང་གིས་གཟིགས་ཐུབ་ཡོད་པས། དྲ་ཐོག་ནས་མི་ཁྲི་ཚོ་བརྒལ་བས་རྒྱབ་སྐྱོར་གྱི་བརྡ་ཕྲིན་འབྱོར་བྱུང་ཞེས། དབྱིན་དྲུང་མགོན་པོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང༌།
ཡང་ཁོང་གིས་མུ་མཐུད་ནས། དཔལ་རྒྱལ་བ་ཀརྨ་པ་མཆོག་བོད་མི་མང་དང་བོད་གཞུང། བོད་གཞུང་ཟློས་གར་ཚོགས་པ་སོགས་ལ་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པས། རྣམ་ཐར་དེ་འཁྲབ་སྟོན་བོད་གཞུང་ཟློས་གར་ཚོགས་པ་དང༌། ཆོལ་གསུམ་གྱི་ཞབས་བྲོ་སུ་ཇཱ་བོད་ཁྱིམ་སློབ་ཕྲུག་ཚོར་འཁྲབ་རོགས་ཞེས་འབོད་སྐུལ་བྱས་པ་དང༌། ཁོང་རྣམ་པས་དགའ་པོའི་ངང་དང་ལེན་གནང་ཡོད་པ་རེད། འཁྲབ་སྟོན་པ་ཚོའི་སྐད་ཆའི་སྒྱུ་རྩལ་དང་རོལ་དབྱངས་འབུད་དཀྲོལ། དེ་བཞིན་འཁྲབ་སྟོན་སྐབས་སྡིངས་ཆའི་གཡས་གཡོན་གཉིས་སུ་དགེ་སློང་༢༥༠ རེས། མི་ལའི་རྣམ་མགུར་སོགས་དབྱངས་སུ་གྱེར་བ་དེ་དག  དཔལ་རྒྱལ་བ་ཀརྨ་པ་ཁོང་ཉིད་ཀྱིས་འཆར་འགོད་གནང་བ་དང༌། དགེ་སློང་དེ་དག་རྒྱ་གར་དུ་ཡོད་པའི་བཀའ་དགོན་ཡོངས་རྫོགས་ནས་བསྡུ་ལེན་བྱས་པ་ཞིག་རེད་ཅེས་གསུངས་བྱུང༌།
དང་ཐོག་རྣམ་ཐར་འཁྲབ་སྟོན་གྱི་སྔོན་འགྲོའི་གསུང་བཤད་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གནང་སོང་ལ། ཟློས་གར་ཚོགས་པའི་འགན་འཛིན་དང། སུ་ཇཱ་བོད་ཁྱིམ་དབུ་འཛིན་གྱི་སྐུ་ཚབ་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་གནང་རྗེས། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། བོད་གཞུང་ཟློས་གར་གྱིས་རྣམ་ཐར་འདི་འཁྲབ་སྟོན་གནང་བ་དང༌། སུ་ཇཱ་བོད་ཁྱིམ་སློབ་གྲྭས་བཀའ་བརྒྱུད་སྨོན་ལམ་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བ། ལས་དོན་དེར་འགན་ཁུར་གནང་མཁན་ཡོངས་རྫོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་བསྩལ་ཏེ། མི་ལ་རས་པའི་རྣམ་ཐར་འཁྲབ་སྟོན་ཧ་ཅང་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྡུས་གནང་སོང༌།།
ས་གནས་ནས་འདི་གའི་གསར་འགོད་པས།