གསུང་ཆོས་དང་དགེ་ལྡན་སྨོན་ལམ་མཇུག་བསྡུ།

དེ་བཞིན་གསུང་ཆོས་རིང་བོད་ནང་བླ་སྤྲུལ་ཚོས་རྒྱ་སེའི་སྟོད་འགག་གྱོན་ནས་ཕྱི་རྫིག་པོ་བྱས་པ་དེ་ལུགས་དང་མི་མཐུན་པའི་སྐོར་དང༌། དེང་སྐབས་འདུལ་བ་ཤེས་མཁན་མང་པོ་ཡོད་ནའང་སྒྲུབ་པ་ཉམས་ལེན་བྱེད་མཁན་དཀོན་སྐོར། དཔེ་ཆ་བལྟས་པ་དེ་ཕྱི་རྒྱལ་ལ་ཨ་སྒོར་གསོག་ཆེད་དུ་ཡིན་བསམ་མཁན་ཡོད་བཟོ་འདུག་པས། རབ་ཏུ་བྱུང་བ་དེ་ལྟོ་གོས་ཀྱི་ཆེད་དུ་མིན་སྐོར་གྱི་བཀའ་སློབ་གནང་བ་དང། ཡང་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཁང་པ་དང་འདུ་ཁང་གཅིག་ལས་གཅིག་རྫིག་པ་རེ་བཟོས་ཡོད་ཀྱང༌། གཟབ་གཟབ་མ་བྱས་ན་རྒྱ་གར་ནང་གི་བོད་མི་རྣམས་བཙན་བྱོལ་བ་ཡིན་པའི་སྐོར་དང༌། ༧གོང་ས་མཆོག་ད་ལྟ་དགུང་ལོ་༧༥ ལ་ཕེབས་ཡོད་པ་དང་ལོ་བཅུའི་རྗེས་ནས། དགུང་ལོ་༨༥ ལ་ཕེབས་འགྲོ་བ་ཡིན་པས་དེ་ནས་འཇིག་རྟེན་ཕྱི་མར་འགྲོ་བའི་དུས་ལ་སླེབས་ཡོད་པས། བོད་མི་ཚང་མས་གཟབ་གཟབ་བྱེད་དགོས་ཞེས་སོགས་བཀའ་སློབ་ཟབ་རྒྱས་གནང་སོང༌།
ཉིན་རྒྱབ་ནས་ནུབ་ཕྱོགས་རྒྱལ་ཁབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅས་ནས་ཕེབས་པའི་མི་རིགས་༢༠ ལྷག་ཙམ་ལ་མཇལ་ཁ་གནང་སོང༌། སྐབས་དེར་༧གོང་ས་མཆོག་གིས། ང་ཚོའི་སྐྲ་དང་གདོང་དབྱིབས། གོམས་གཤིས་སོགས་ཏོག་ཙམ་མི་འདྲ་བ་ཙམ་ལས། ས་ཡི་གོ་ལའི་ཐོག་གནས་པའི་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་འགྲོ་བ་མི་གཅིག་མཚུངས་རེད་ཅེས་སོགས་བཀའ་སློབ་གནང་རྗེས། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་ཚོ་སྡེ་ཚན་བཟོས་ཏེ་སྐུ་པར་ལྷན་སྒྲོན་གནང་སོང། དེ་ནས་མཆོད་རྟེན་རིན་པོ་ཆེའི་མདུན་དུ་སྐམ་ཚོགས་ལ་ཆིབས་བསྒྱུར་གནང་སྟེ། དགེ་ལྡན་ཆོ་འཕྲུལ་སྨོན་ལམ་འཕར་མའི་མཐའ་མཇུག་གི་ཉིན་མོར་གསོལ་འདེབས་བཅས་གནང་ནས་ལེགས་པར་གྲུབ་སོང༌།
ས་གནས་ནས་འདི་གའི་གསར་འགོད་པས།