འབྲུག་ཏུ་ཡོད་པའི་བོད་མི་ཚོའི་དཀའ་ངལ།
དེ་ཡང་ཟླ་འདིའི་ཚེས་༧ ཉིན་འབྲུག་ཏུ་གནས་སྡོད་བོད་མི་བརྒྱ་མ་ཟིན་ཙམ་རྡོར་གདན་དུ་ཆོས་ཞུ་ལ་འབྱོར་ཡོད་པ་དང་བསྟུན་ནས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟུར་དུ་ཐུག་འཕྲད་གནང་སྟེ། བོད་མི་ཚོས་འབྲུག་ཡུལ་དུ་འཕྲད་བཞིན་པའི་དཀའ་ངལ་རྣམས་སྙན་གསན་ཞུས་སོང། དེ་ཡང་འབྲུག་ཏུ་གནས་སྡོད་འོས་བསྡུའི་འགན་འཛིན་ཕུན་ཚོགས་ལགས་ཀྱིས། ང་ཚོ་འབྲུག་ལ་ཡོད་པའི་བོད་མི་སུམ་སྟོང་ལྷག་ཙམ་ལ་ལག་ཁྱེར་དཀར་པོ་མ་གཏོགས་ཡོད་མ་རེད། ལག་ཁྱེར་དེའི་འོག་ནས་འབྲུག་ལ་ཡོད་པའི་བོད་མི་ཚོས་ཚོང་རྒྱག་ཐུབ་ཀྱི་ཡོད་མ་རེད་ལ། དེ་བཞིན་ས་ཆ་ཉོ་རྒྱུ། ཕྲུ་གུ་ལ་སློབ་སྦྱོང་སྤྲོད་རྒྱུ་སོགས་ལ་དཀའ་ངལ་འཕྲད་ཀྱི་འདུག ལག་ཁྱེར་དེ་བརྗེ་པོ་རྒྱག་དང་མི་རྒྱག་གི་དབང་ཆ་དེ་འབྲུག་གི་རྒྱལ་པོ་རང་ལ་ཡོད་པ་རེད། བོད་གཞུང་གི་ངོས་ནས་དེའི་ཐད་ལ་རེ་སྐུལ་གནང་རོགས་ཞེས་ཞུས་སོང་བར། བཀའ་ཁྲི་མཆོག་གིས་རིང་མིན་དྷ་སར་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པས། སྐབས་དེར་ང་ཚོས་གོ་བསྡུར་བྱེད་ཆོག་ཅེས་གསུངས་ཡོད་པ་རེད།
འདི་གའི་གསར་འགོད་པས་འབྲུག་ཏུ་གནས་སྡོད་འོས་བསྡུའི་འགན་འཛིན་ཕུན་ཚོགས་ལགས་སུ་ལག་ཁྱེར་དཀར་པོ་དེ་བརྗེ་ཐབས་སུ་འབྲུག་ལ་ཡོད་པའི་བོད་མི་ཚོས་སྙན་ཞུ་སོགས་ཕུལ་ཡོད་མེད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “ང་ཚོས་སྙན་ཞུ་གཅིག་ཕུལ་ཡོད་པའི་ནང་དུ། སྔོན་མ་ང་ཚོའི་ཕ་མ་ཚོས་འབྲུག་ལ་སྡོད་ཀྱི་མིན་ཞེས་ལབ་ནས་ནོར་འཁྲུལ་ཤོར་ཡོད་པ་རེད། ནོར་འཁྲུལ་དེས་དེང་སྐབས་ང་ཚོ་གཞོན་སྐྱེས་ཚོའི་མ་འོངས་པའི་མདུན་ལམ་ཐད་ལ་ཧ་ཅང་གནོད་སྐྱེལ་གྱི་འདུག དཔེར་ན། སློབ་སྦྱོང་མ་ཐོབ་པ་དང་ཐོབ་ནའང་ལས་ཀ་མི་རག་པའི་དཀའ་ངལ་སོགས་འདུག་ཅེས་དོན་ཚན་འགའ་བགྲང་ཡོད་པ་རེད། ང་ཚོར་དགོས་པའི་ལག་ཁྱེར་དམར་པོ་ཟེར་བ་ཡུལ་མིའི་ལག་ཁྱེར་དེ། བརྗེ་བསྒྱུར་གྱི་དབང་ཆ་གཙོ་བོ་དེ་རྒྱལ་པོ་རང་ལ་ཡོད་པ་ལས་བློན་པོ་སོགས་གཞན་སུ་གང་ལ་ཡོད་པ་མ་རེད། རྒྱལ་པོར་ཞུས་ནས་ཆོག་མཆན་ཐོབ་ན་སུ་གཅིག་གིས་བཀག་བསྡོམས་བྱེད་ཐུབ་ཀྱི་མ་རེད་”ཅེས་གསུངས་སོང།
འབྲུག་ལ་ཡོད་པའི་བོད་མི་སུ་གང་ལ་པཱ་སི་དམར་པོ་མེད་པ་རེད་དམ་ཞེས་དྲིས་པར། ཁོང་གིས། “བོད་མི་འགའ་རེ་ལ་ཡོད་པ་རེད། དེ་དག་སྔོན་དུས་སུ་འབྲུག་ལ་སྡོད་ཀྱི་ཡིན་ཞེས་བརྗོད་མཁན་ཚོ་རེད་”ཅེས་དང། ད་ལྟའི་སྐབས་བོད་མི་ཚོས་འབྲུག་ལ་སྡོད་ཀྱི་ཡིན་ཞེས་ཁས་ལེན་བྱས་ནས་ལག་ཁྱེར་དམར་པོ་རག་ཐབས་བྱས་ན་འགྲིག་གི་རེད་དམ་ཞེས་དྲིས་པར། ཁོང་གིས་“ཞུ་ཆོག་གི་རེད་དེ། སྔོན་མ་ཕ་མ་ཚོས་ལོག་འགྲོ་ཡི་ཡིན་ཞེས་ལག་ཁྱེར་ཡར་འབྲུག་གཞུང་ལ་ཕུལ་བ་རེད། དེ་རྗེས་འབྲུག་གཞུང་ལ་བོད་མི་ལྷག་མ་རྣམས་ཉར་རོགས། རྒྱ་གར་ནང་དུ་ས་ཆ་མི་འདུག་ཅེས་ཞུས་པ་རེད། ས་ཆའི་དཀའ་ངལ་དེ་རྒྱ་གར་དང་བོད་གཞུང་སུ་ལ་འཕྲད་ཡོད་མེད་ངས་བཤད་ཐུབ་ཀྱི་མེད། དེ་རིང་ཟམ་གདོང་རིན་པོ་ཆེ་མཇལ་དོན་གཙོ་བོ་ནི། རབ་བྱུང་ན་ཡུལ་མིའི་ལག་ཁྱེར་ལག་ཁྱེར་དམར་པོ་རག་ཐབས་གནང་རོགས། དེ་མིན་ན་གཞན་ཞིག་ལ་འབོད་སྐུལ་གནང་རོགས་ཞུས་པ་ཡིན་ཞེས་”གསུངས་སོང།།
འདི་གའི་གསར་འགོད་པས་རྡོར་གདན་ནས།