ཨོ་རི་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དབུ་འབྱེད།
དགོན་པ་འདི་ཉིད་ཀྱི་བཤད་གྲྭ་དེ་ཉིད་ཚགས་ཚུད་ཡར་རྒྱས་སུ་གཏོང་དགོས་པ་དང། སྒྲུབ་གྲྭ་ཞིག་གསར་འཛུགས་གནང་ཐུབ་ན་ལེགས་ཚུལ་གྱི་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་རྣམས་ལེགས་གྲུབ་བྱུང་བ་དང༌། ཕྱི་ཚེས་༡༠ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་རུ་ཆིབས་བསྒྱུར་གྱིས་བཞུགས་ཞག་གནང༌། ཕྱི་ཚེས་༡༡ ཉིན་གྱི་ཞོགས་པ་གནམ་གྲུ་བརྒྱུད་ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་ལྟེ་བ་བྷོམ་ནི་ཤཱི་ཝར་དུ་ཞབས་སོར་འཁོད་དེ་གྲོང་ཁྱེར་དེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཨོ་རི་ས་གཞིས་ཆགས་སུ་སྔ་དྲོ་ཆུ་ཚོད་༩ དང་ཕྱེད་ཀྱི་ཐོག་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང། དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག ས་གནས་འགོ་འཛིན་མདའ་ཟུར་ཉི་མ་བཀྲ་ཤིས་ལགས་ཀྱིས་དབུས་ས་གནས་སེར་སྐྱ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཐོག་ཞབས་སོར་འཁོད་སོང། ཕྱི་དྲོ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཏུ་གཟིགས་སྐོར་དང། དེའི་རྗེས་སུ་དགོན་པའི་མདུན་ཐང་དུ་ཡོད་པའི་འགྲེམས་སྟོན་ཁང་དུ་བཅའ་དངོས་རེ་རེ་བཞིན་གཟིགས་ཞིབ་ཀྱིས་འདྲི་རྩད་གནང་ཡོད་པ་རེད། ཕྱི་ཚེས་༡༢ ཉིན་གྱི་ཞོགས་པ་སྐྱབས་རྗེ་རིན་པོ་ཆེ་རྣམ་པས་སྤོས་སྣ་དང་དུང་རྒྱ་གླིང་སོགས་ཀྱིས་གདན་འདྲེན་ཞུས་རྗེས། ༧གོང་ས་མཆོག་གིས་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་དར་ཚོན་གཅོད་འབྲེག་གནང་བ་དང༌། གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་ཞབས་སོར་འཁོད། མཛད་སྒོའི་དེའི་ཐོག་སྔ་འགྱུར་རྙིང་མ་པའི་ཆོས་སྡེ་ཆེན་པོ་རྣམ་གྲོལ་གླིང་གི་དབུ་འཛིན་གྱང་ཁང་རིན་པོ་ཆེ་དང། རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དང། འབྲུག་པ་ཐུགས་སྲས་རིན་པོ་ཆེ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ། གནས་མདོ་སངས་སྤྲུལ་རིན་པོ་ཆེ། ས་སྐྱ་བདག་ཁྲི་སྒྲོལ་མ་ཕོ་བྲང་གི་རིན་པོ་ཆེ་མཆོག་གི་བདག་མོ་སོགས་ཕེབས་ཡོད་པ་དང། བཙན་བྱོལ་བོད་གཞུང་གི་ངོས་ནས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང། སྔ་འགྱུར་རྙིང་མ་པའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་ཁག་ཅིག སྐུ་སྒེར་དྲུང་ཆེ་བྲེ་སྲང་ལགས་དང༌། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཨོ་རི་ས་ས་གནས་འགོ་འཛིན་མདའ་ཟུར་ཉི་མ་བཀྲ་ཤིས་ལགས་སོགས་དང༌། ས་གནས་མངའ་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་དབུས་སྐུ་མགྲོན་རྣམ་པ་ཕེབས་གྲུབ་པ་དང།
ཐོག་མ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་དགོན་པ་དེའི་བྱུང་རིམ་ངོ་སྤྲོད་དང་འབྲེལ་བའི་ཕེབས་བསུའི་གསུང་བཤད་གནང་བ་དང། བཀྲ་ཤིས་བརྒྱད་པས་མཚོན་ཞལ་འདོན་གྲུབ་པ་དང༌། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་མཁན་པོ་པདྨ་བསྟན་འཕེལ་ལགས་ཀྱིས་དགོན་པ་དེའི་བྱུང་རིམ་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང༌། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་ནས་དབྱིན་སྐད་ཐོག་གསུང་བཤད་སྙན་སྒྲོན་གནང་བ་དང༌། ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གསུང་འཕྲིན་དང༌། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བློན་ཆེན་བཅས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང༌། དེའི་རྗེས་སུ་སྔ་འགྱུར་རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན། རང་རེའི་སྤྱི་ཚོགས་ཀྱི་གནས་སྟངས་སྐྱབས་བཅོལ་ལ་གྱར་ནས་འདས་པའི་ལོ་གྲངས་༥༠ རིང་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེས་དབུ་ཁྲིད་ལམ་སྟོན་འོག་རང་རེ་བོད་མི་རིགས་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་ཐུན་མོང་དང་ཐུན་མིན་དུ་མ་ཞིག་མི་ཉམས་རྒྱུད་འཛིན་གནང་ཐུབ་ཡོད་པ་ནི་སྤོབས་པ་སྐྱེ་གཞི་ཞིག་ཏུ་གྱུར། དེའི་སྲི་ཞུར་གཏོགས་པ་སྔ་འགྱུར་བསྟན་པའི་གསལ་བྱེད་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང༌། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་གཙོས་འབྲེལ་ཡོད་ཚང་མས་ཐུགས་ཁུར་དང་ལྷག་བསམ་ཆེར་བཞེས་ཀྱིས་ྋརྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་བའི་བསྟན་པ་ལ་འགན་ཁུར་ཞབས་འདེགས་ཆེར་བཞེས་བགྱིས་པ་དང༌། གཞན་ཡང་རྒྱ་གར་བའི་ཡུལ་མི་དང་བོད་མིའི་གཞིས་སྒར་ཁག་ནང་ཤེས་ཡོན་དང༌། འཕྲོད་བསྟེན་སོགས་ལ་རོགས་སྐྱོར་རྒྱ་ཆེ་ཞུས་ཡོད་པ་ཤེས་གསལ་ཡིན་པས་རིན་པོ་ཆེ་རྣམ་གཉིས་ལ་ྋརྒྱལ་བའི་སྤྱན་སྔར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང། བསྟན་པ་སྤྱི་དང་བྱེ་བྲག་གཞུང་གི་དོན་གནད་རྣམས་ལ། སློབ་དཔོན་དབྱིག་གཉེན་ཞབས་ནས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་བསྟན་པའི་རྗེས་འཇུག་ལས་དང་པོ་བ་རྣམས་ལ་ཐོས་བསམ་འཆད་ཉན་དང་དེ་ཡང་མཚན་ཉིད་རིགས་ལམ་གྱིས་བཅིང་སྟེ་བཤད་ཁྲིད་ཀྱི་ལམ་སྲོལ་གཙོ་བོར་བཟུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་དོན་རྣམས་ཐུགས་ལ་སྐྱེ་དགོས་པ་དང༌། དེ་ཡང་ཐོས་བསམ་སྒོམ་གསུམ་གྱིས་བསྟན་པའི་ལུས་ཡོངས་སུ་རྫོགས་པ་ཞིག་དགོས་རྒྱུ་གལ་ཆེན་ཡིན་པས་འབྲེལ་ཡོད་ཚང་མས་ཐུགས་སྣང་གནང་གལ་ཆེ། ཞེས་སོགས་གསུང་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མ་པའི་བསྟན་པ་ལ་སྲི་ཞུ་བླ་མེད་ཅིག་ཡིན་པ་དང། སླད་ཀྱི་ཆར་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་ཐོས་བསམ་སློབ་གཉེར་ཡར་རྒྱས་གནང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་དང། དེ་བཞིན་ཨོ་རི་ས་གཞིས་ཆགས་ལའང་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་འདི་ཉིད་ཀྱིས་ཕན་ཐོགས་རླབས་ཆེ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་སོགས་གསུང་བཤད་གནང་ཡོད་པ་དང། དེའི་རྗེས་སུ་ཧིན་སྐད་ཀྱིས་གསུང་བཤད་མདོར་བསྡུས་ཤིག་ཀྱང་གནང་སོང༌།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་བའི་སྙིང་དོན། ཐོག་མ་ཨོ་རི་ས་གཞིས་ཆགས་སུ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མ་པའི་ཆོས་སྡེ་ཞིག་གསར་འཛུགས་གནང་བ་རེད། དེའི་རྗེས་སུ་ཨ་འཛིན་རིན་པོ་ཆེ་ཧ་ཅང་ཡག་པོ་ཞིག་རེད། རྫོགས་ཆེན་གྱི་ཉམས་ལེན་ཡོད་པ་དང། བྱམས་སྙིང་རྗེ་བཅོས་མིན་ཡོད་པ་ཞིག་རེད། ཁོང་གིས་ཀྱང་དགོན་པ་ཞིག་བཙུགས་པ་རེད། ནམ་མཁའ་རིན་པོ་ཆེ་དང་གདུང་སྲས་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་ཀྱིས་དགོན་པ་གསར་བཞེངས་གནང་བ་ཙམ་མ་ཡིན་པར་གཞིས་ཆགས་སྤྱི་ཡོངས་ཀྱི་ཐོག་ལ་ཐུགས་ཁུར་བླ་མེད་ཀྱི་ཐོག་ནས་རོགས་རམ་གནང་ཡོད་པ་རེད། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོན་པ་འདི་ལྟ་བུ་ཞིག་གསར་བཞེངས་གནང་ཐུབ་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ལུང་རྟོགས་ཁོ་ན་ལ་རག་ལུས་ཡོད་པས། ད་ལྟ་བཤད་གྲྭ་ཡོད་བཞིན་པར་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགོན་པ་ནས་མཁན་པོ་གཏོང་བཞིན་པ་སོགས་ནི་ཧ་ཅང་གི་ཡག་པོ་རེད། མ་འོངས་པར་ཡང་ཡར་རྒྱས་ཚགས་ཚུད་དུ་གཏོང་དགོས་པ་གལ་ཆེན་པོ་རེད་ལ། ལྷག་པར་དུ་སྒྲུབ་གྲྭ་ཞིག་གསར་འཛུགས་གནང་ཐུབ་ན་ཡག་པོ་འདུག རྒན་པ་བློ་ལྡོག་རྣམ་བཞི་སོགས་ལ་གོམས་འདྲིས་ཡོད་མཁན་རྣམས་སྒྲུབ་པ་བྱེད་ས་དང༌། ལོ་གསུམ་ཆོས་གསུམ་ལྟ་བུ་དང་ད་དུང་ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ཐུབ་པ་དེ་འདྲ་བྱུང་ན་ཧ་ཅང་ཡག་པོ་རེད། ཆོ་ག་ཕྱག་ལེན་སོགས་གལ་ཆེན་པོ་རེད་དེ། དེ་ལས་སློབ་གཉེར་ཚུལ་བཞིན་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་སོགས་ཟབ་ཅིང་རྒྱ་ཆེ་བའི་བཀའ་སློབ་གནང་སོང། དེའི་རྗེས་སུ་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་མཁན་པོ་པདྨ་བསྟན་འཕེལ་ལགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང། འདུས་མང་གིས་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་དང་པོའི་ཐོག་གཙུག་ལག་ཁང་གི་ཁྱམ་རའི་ནང་དུ་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་ཞབས་སོར་འཁོད་པ་དང། ས་གནས་འགོ་འཛིན་མདའ་ཟུར་ཉི་མ་བཀྲ་ཤིས་ལགས་ཀྱིས་ས་གནས་ཨོ་རི་ས་གཞིས་ཆགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང༌། བཀའ་བློན་ཁྲི་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད་པ་རེད། དེའི་རྗེས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟབ་ཅིང་རྒྱ་ཆེ་བའི་བཀའ་སློབ་སྙིང་གི་བདུད་རྩི་ཕེབས་པ་དང། ལྷ་མོའི་འཁྲབ་སྟོན་དང༌། གླིང་བྲོ་བདེ་ཆེན་རོལ་མོ་སོགས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་སོགས་ཉིན་དེའི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད།།
ས་གནས་ནས་རྩོམ་སྒྲིག་པས།