མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད།

དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོར་རྡོར་གདན་དུ་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་སའི་བྱང་ཆུབ་ཤིང་གི་མདུན་དུ། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད་ཀྱི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་སོང༌། དེ་དང་འབྲེལ་ནས་མཁན་ཆེན་ཁོང་གི་ཞལ་སློབ་མཁན་བླ་སྤྲུལ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་བཙུན། དད་ལྡན་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འཛོམས་ནས་འདས་མཆོད་སྲུང་བརྩི་ཞུས་སོང༌།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ངས་མཁན་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཁ་ཤས་ཞུས་པ་རེད། དུས་ཚོད་མེད་པ་མ་གཏོགས་གསུང་ཆོས་ཁ་ཤས་ཞུ་ཐུབ་པའི་རེ་བ་བྱུང༌། ཡིན་ནའང་དེ་འདྲའི་དུས་ཚོད་མ་བྱུང་བ་རེད། རིན་པོ་ཆེ་ཁོང་གློ་བུར་དུ་སྙུང་ནས་སྐུ་གཤེགས་པ་རེད། ཁོང་གི་འདས་མཆོད་འཚོག་རྒྱུ་དེ་མཆོད་འབུལ་ཚར་གཅིག་བྱེད་རྒྱུ་དེ་མ་རེད། བོད་བླ་རུང་ནང་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད་ནའང། མཁན་རིན་པོ་ཆེའི་ཞལ་སློབ་ཚོས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་གནང་གི་འདུག་ཅེས་གོ་ཡོང་གི་འདུག དེ་ནི་ཞེ་དྲག་གལ་ཆེན་པོ་རེད་ཅེས་དང། མཁན་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པ་རེད་དེ། ཁོང་གི་བུ་སློབ་རྣམས་ཀྱིས་སྔར་བཞིན་དུ་ཧུར་ཐག་གནང་རོགས་གནང་ཞུ་རྒྱུ་དང། མཁན་རིན་པོ་ཆེ་ཁོང་རྫོགས་ཆེན་བླ་མ་རེད་ལ། དེ་དང་ཆབས་ཅིག་རིས་མེད་ཀྱི་ཐོག་ལ་ཐུགས་སྣང་གནང་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ལྷག་པར་ཁོང་གི་རྗེས་ཤུལ་མཁན་པོ་མང་པོ་ཞིག་གིས། གདུལ་བྱའི་ཁམས་དང་མོས་པ་ལ་འཚམས་པའི་རིས་མེད་ཀྱི་ཐོག་ནས་གསུང་ཆོས་གནང་གི་ཡོད་རེད་ཟེར་ནས་གོ་ཡོང་གི་འདུག དཔེར་ན། ངོས་ལ་རྒྱ་མི་ངོ་ཤེས་པ་དེ་འདྲས་མཁན་རིན་པོ་ཆེའི་རྗེས་ཤུལ་མཁན་པོ་ཚོའི་སྐུ་མདུན་ནས། ལམ་རིམ་ཆེན་མོ་ཞུས་ཡོད་གསུང་མཁན་དེ་འདྲ་ཡོང་བསྡད་པ་དེ། གདུལ་བྱར་རིས་མེད་ཆོས་ཀྱི་བསླབ་བྱ་གནང་གི་ཡོད་པས་ཡག་པོ་ཞེ་དྲག་རེད། དེ་རིང་མཁན་རིན་པོ་ཆེར་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཏུ་མཁན་ཆེན་མཆོག་གི་རྗེས་འཇུག། ད་ལྟ་དཀའ་ལས་རྒྱག་བཞིན་པ་མཁན་པོ་དང༌། བླ་མ། དགེ་འདུན། དེ་བཞིན་དུ་སྦྱིན་བདག་མི་སྐྱ་ཕོ་མོ་ཚང་མར་འཕྲལ་དུ་ཆོས་མཐུན་གྱི་བྱ་བར་འགལ་རྐྱེན་མི་ཡོང་བ་དང། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་མངོན་དུ་བྱེད་ཐུབ་རྒྱུའི་སྨོན་ལམ་རྒྱག་གི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་ང་ཚོའི་དོན་གྱི་བདག་པོ་རེད་ལ། སངས་རྒྱས་ཀྱི་བསྟན་པ་ལ་ཆ་བཞག་ནའང་བོད་ནང་བཞུགས་མཁན་སྐྱེས་བུ་དམ་པ་ཚོས་ཐུགས་འཁུར་གནང་གི་ཡོད་རེད། མ་འོངས་པར་སྔར་བཞིན་ཐུགས་འཁུར་བསྐྱེད་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།།
ས་གནས་ནས་འདི་གའི་གསར་འགོད་པས།
¿    ?u