སྤུན་ཟླ་རྣམས་ལ་ཕུལ་བའི་སྙིང་གཏམ།

མ་ཡུམ་གངས་དཀར་གྱི་ནུ་ཞོ་མངར་མོས། ། རང་ལུས་ལང་ཚོ་ཡི་སྐྱེ་མཆེད་རྫོགས་པའི། ། ཤ་ཁྲག་གཅིག་པ་པ་ཡི་རང་རིགས་སྤུན་ལ། ། སེམས་ཀྱི་སྙིང་གཏམ་ཞིག་གྲོས་སུ་འདེབས་སོ། ། བཅུ་ཕྲག་རིག་གནས་ཀྱི་ནོར་བུའི་འོད་སྣང། ། རང་གི་ལག་མཐིལ་ནས་མཐོང་བར་དཀའ་ཡང་། ། ཐག་རིང་རྒྱང་མ་ནས་བཀྲག་མདང་གསལ་བས། ། སྲོལ་རྒྱུན་གཙུག་ལག་ལ་མཆིལ་ཞག་མ་འཕེན། ། མིག་རྒྱང་རིང་པོ་ཡི་ཕྲ་མཛངས་རྣམ་དཔྱོད། ། འཛམ་གླིང་ཤེས་རིག་གི་རིན་ཐང་ཤེས་ན། ། ནང་རིག་སྡེ་སྣོད་ཀྱི་རྒྱན་དུ་མཛའ་བས། ། ཕ་མེས་ཆོས་ལུགས་ལ་སྨད་ར་མ་བྱེད། ། མཐོ་གསུམ་རི་མགོ་ཡི་ལབ་བརྩེའི་རྩེ་རུ། ། རླུང་རྟའི་དར་ཅོག་དེ་དབུ་འཕང་དམའ་ཡང་། ། གངས་དཀར་ལྷ་མོ་ཡི་སྐྱིད་སྡུག་བསམ་སྟེ། ། ལར་རྒྱའི་ལྷ་བསང་རེ་གཏོང་རྒྱུ་མ་བརྗེད། ། སྐྲ་ལོ་དཀར་པོ་ཡི་ཟར་བུའི་འོག་ནས། ། བྱམས་བརྩེའི་མིག་མཐའ་རུ་མཆི་མ་འཁྱིལ་བཞིན། ། རང་གི་བུ་རྒྱུད་ལ་སེམས་པ་འཕྲེང་བའི། ། དྲིན་ཆེན་ཕ་མ་ལ་ཚིག་མཚོན་མ་འདེབས། ། ནོར་རྫས་གང་ཡོད་ཀུན་རྒྱན་ལ་བསྐུགས་ཏེ། ། མདོ་ཤོར་ཁོག་སྟོང་གི་སྐྱེ་བོའི་ཁྲོད་ན། ། བག་མེད་དུ་ཆང་གིས་ཉིན་མཚན་སྐྱེལ་བ། ། ཕ་བཟང་བུ་རྒྱུད་ཀྱི་སྤྱོད་པ་མ་ལག ། སྐད་རིགས་སྣ་ཚོགས་ལ་ཅི་ཙམ་མཁས་ཀྱང་། ། རང་གི་སྐྱེ་ཡུལ་གྱི་ཕ་སྐད་བརྗེད་ན། ། ཆུ་སྣ་གར་ཁྲིད་ཀྱི་བླུན་པོ་ཟེར་ཏེ། ། ཅོལ་ཆུང་བླ་བརྩོང་གི་མིང་ངན་ཐོག་འགྲོ། ། གཞན་རིགས་བཟའ་བཏུང་ལ་འགྲམ་ཆུ་ལྡང་ཡང་། ། ཕ་ཁྱིམ་ཞིམ་ཟས་ཀྱི་དྭངས་མི་བཅུད་ཀྱིས། ། ལྷུ་དྲུག་རྫོགས་པ་ཡི་དྲིན་ལན་དྲན་ནས། ། ནས་དཀར་རྩམ་པ་ལ་སྣ་གཉེར་མ་བྱེད། ། ཞོལ་ཆེན་གཡག་རྒོད་ཀྱི་རྭ་རྩེད་འདྲན་ས། ། འབྲོག་ཡུལ་རྩ་ཐང་གི་བུ་དང་བུ་མོ། ། མ་འོང་འཚོ་བ་ཡི་མདུན་ལམ་བསམ་ན། ། དར་མའི་ལང་ཚོ་དེ་རླུང་ལ་མ་གཟད། ། ཀ་ཁ་མི་ཤེས་པའི་ལས་བྱེད་དཔོན་པོས། ། མི་རིགས་སློབ་གསོ་ཡི་ལས་དོན་འགྲུབ་དཀའ། ། ཕ་ཡུལ་འཛུགས་བསྐྲུན་གྱི་འདུན་པ་ཡོད་ན། ། རང་རིགས་ཡོན་ཏན་ལ་རྩིས་ཆུང་མ་བྱེད། ། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་མངའ་བའི། ། ན་གཞོན་ཁྱུ་ཚོགས་ཤིག་མཚར་ལོང་རྒྱས་ཏེ། ། མ་འོང་གངས་ལྗོངས་དེ་སྐྱོང་བར་སྨོན་བཞིན། ། སྙན་གཏམ་བསླབ་ཚིག་ཐོལ་གྱིས་ཤོར་སོང་།། །།