ལག་སྟོང་གི་ཁྲོད་ཀྱི་ང་།
འདི་ནས་ཕར་ལ་སོང་བའི་་ཕྱིར་ཉིན་ནས།།
ཚུར་ལ་འཁོར་བའི་ཤེས་པ་རེག་སྲིད་དམ།།
དེ་འདྲའི་བསྐོར་ལ་བསམ་བློ་གཏོང་ཐེངས་རེར།།
མགོ་བོའི་ནང་དུ་ནག་ཐིགས་ཤིག་ལས་མེད།།
ཡུན་རིང་འདྲིས་ཤིང་གཤིབ་པའི་ཚོར་བ་འདིས།།
དགོས་པའི་དོན་ཞིག་བྱེད་པར་སྤོབས་པ་ཡི།།
འདང་གི་མེད་པའི་མྱོང་བ་ཐོབ་ཐེངས་རེར།།
རང་གིས་གཟུགས་ཀྱི་བདག་པོར་རེ་བ་སྟོང་།།
ཁ་ཁར་མ་གྱེས་ཡར་སྔོན་སྙིང་གཏམ་བཤད།།
གྱེས་པའི་ཉིན་དེར་སྙིང་གཏམ་སེམས་ལ་བྲིས།།
བྲིས་པའི་རི་མོ་ཆུ་ལ་བརྐོས་མེད་ཀྱང་།།
མི་རྟག་ལང་ཚོ་འདི་ལ་ཡིད་བརྟན་བྲལ།།
ཟུག་ནས་འཕགས་དེ་སྐར་མའི་ཚོགས་ལ་བལྟས།།
གྲང་ནས་རུམ་གྱི་དྲོད་ཁོལ་ཕྱི་ལ་ཤོར།།
རིན་མེད་སྟོང་གི་ཨག་སྐད་སྐྱ་མོ་འདིས།།
ཤོག་དཀར་ངོས་སུ་བདག་མེད་ལུས་པ་མཐོང་།།
སྐྱི་མོ་འདི་ལ་འཐག་པའི་བྲན་གཤིས་ཤིག།
དྲན་གཤིས་འདི་ལ་འཐམ་པའི་དར་སྐུད་ཅིག།
དར་སྐུད་དེ་ཡི་སྣེ་རུ་འཕྱངས་པ་ཡིས།།
སེམས་ཀྱི་འདུས་མདོ་ཞིག་ནས་ཁེར་རྐྱང་གྱུར།།
དྲན་ན་གཟོད་དུ་དཀའ་བའི་མྱ་ངན་རེ།།
བསམ་ན་གཟེར་ནག་རྒོད་པའི་སྟོང་བསམ་རེ།།
བྲིས་ན་ཡིག་ནོར་སྟོང་གི་གད་སྙིགས་ཤིག།
ཟིན་བྲིས་ནང་ན་ཡང་ཡང་ལག་སྟོང་ཡིན།།
ཐག་རིང་འཁོར་བའི་གཞི་ཞིག་ངས་མ་འདོད།།
ཉེ་སར་འདྲིས་ཤིང་གཤིབ་པའི་སེམས་ཤིག་ལ།།
ཕྱི་ནང་གསང་གསུམ་འབུལ་རྒྱུ་བྱུང་ཉིན་ནས།།
ལུས་པོ་འདི་ཉིད་སྐྱུར་ཡང་འགྱོད་རེ་མེད།།