རླུང་སྦྱོར་ལ་བརྟེན་ནས་མིའི་ལུས་ཁམས་གསོ་བའི་ཐབས།

སྤྱིར་རླུང་སྦྱོར་རྣམས་ལ་རང་རང་གི་ཕན་ཡོན་དམིགས་བསལ་བ་དག་ཡོད་ཀྱང༌། སྤྱིའི་ཆ་ནས་བཤད་ན། གཤམ་གྱི་རླུང་སྦྱོར་རྣམས་རྒྱུན་དུ་ཆག་མེད་བྱས་ན། ལུས་སེམས་ཞི་བར་གནས་ཤིང་གཡེང་བ་ཞི་བ། ལུས་ཀྱི་ཤ་གནད་(Musclc)རྣམས་ལྷོད་པོ་དང་མཉེན་པོར་འགྱུར་བ། ལུས་པོའི་རྒྱགས་ཚད་སྙོམས་པ། ལོ་ན་མཐོ་ཡང་ལུས་ལ་ཡང་ཤ་ཐོན་པ་སོགས་ཕན་ཡོན་ཤིན་ཏུ་ཆེ། ཉིན་རེའི་སྤྱོང་བརྡར་གྱི་སྐབས་སུ་ངལ་བའམ་ཐང་ཆད་པ་ན་ངལ་གསོ་ལ། ངལ་སོས་རྗེས་སླར་ཡང་བྱེད། གལ་ཏེ་ཆམ་པ་དང་གློ་རྒྱག་པ། ཡ་མ་ན་བ་སོགས་ཀྱིས་དབང་གིས་སྣ་བུག་འགག་ན། ཐོག་མར་སྣ་བུག་གཡས་པ་མཛུབ་མོས་བཀག་སྟེ་གཡོན་པ་ནས་དབུགས་རིང་བརྔུབས་ཏེ་ཡུད་ཙམ་རིང་འཛིན་ལ། དེ་ནས་གཡོན་པ་མཛུབ་མོས་བཀག་སྟེ་གཡས་པ་ནས་ཕྱིར་གཏོང༌། མདོར་ན། སྣ་བུག་གཉིས་ཀ་གཅིག་མཚུངས་སུ་མ་སངས་ཀྱི་བར་དུ། གཡས་པ་བཀག་སྟེ་གཡོན་ནས་རྔུབ་ཅིང་གཡོན་པ་བཀག་སྟེ་གཡས་ནས་གཏོང་བ་དང༌། གཡོན་པ་བཀག་སྟེ་གཡས་ནས་རྔུབ་ཅིང་གཡས་པ་བཀག་སྟེ་གཡོན་ནས་གཏོང་བ་གཉིས་རེ་མོས་སུ་བྱའོ།

རླུང་སྦྱོར་དང་པོ། བྷསྟྲི་ཀྰ་པྲནྰ་མྰ།

 

དབུགས་ནང་དུ་རྔུབ་སྟངས།

ཐོག་མར་སྣ་བུག་གཉིས་ཀ་ནས་དབུགས་ཤུགས་ཆེན་པོས་བརྔུབས་ཏེ་གློ་བ་གཡས་གཡོན་གཉིས་དགང་དགོས་ལ།ནང་དུ་བརྔུབས་པའི་དབུགས་སམ་རླུང་ཡོད་ཚད་བྲང་ཁོག་ཏུ་བསྐྱིལ་བ་ལས་ལྟོ་བའི་ཕྱོགས་སུ་མི་འགྲོ་བར་བྱེད་དགོས།དེ་ཡང་ལྟོ་བ་རྒྱུན་ལྡན་ལྟར་ལྷོད་པོར་གནས་པར་བྱས་ནས་བྲང་ཁོག་ཏུ་དབུགས་བརྒྱངས་ཏེ་བྲང་ངོས་ཀྱི་རྩིབ་རུས་རྣམས་ཕྱིར་ཐོན་པར་བྱེད་དགོས།

དབུགས་ཕྱིར་གཏོང་སྟངས

ནང་དུ་བརྔུབས་པའི་དབུགས་དེ་སྣ་བུག་གཉིས་ཀ་ནས་ཆ་མཉམ་དུ་ཤུགས་ཆེན་པོས་ཕྱིར་གཏོང་དགོས།

རླུང་སྦྱོར་འདི་ཉིད་ཐང་མ་ཆད་ཀྱི་བར་དུ་ཡང་ཡང་བྱ་ལ།ཐང་ཆད་པ་ན་ངལ་གསོ་དགོས།རླུང་སྦྱོར་འདིའི་མགྱོགས་ཚད་རིམ་པ་གསུམ་ཙམ་དུ་བྱེད་ཆོག་སྟེ། དལ་བ་དང༌། མགྱོགས་པ། ཧ་ཅང་མགྱོགས་པ་གསུམ་གྱི་སྒོ་ནས་བྱེད་དེ། དེ་ཡང་ཐོག་མའི་སྐབས་སུ་དལ་བ་དང༌།དེ་ནས་རིམ་གྱིས་མགྱོགས་ནས་མགྱོགས་སུ་གཏང་ཆོགགང་ལྟར།ཉིན་རྒྱུན་སྦྱོང་བརྡར་བྱས་ཏེ་དུས་ཡུན་གང་མཚམས་འགོར་བ་ན།དབུགས་འབྱུང་རྔུབ་ཀྱི་མྱུར་ཚད་དེ་ཆེས་མཐར་ཐུག་ཏུ་སླེབས་ངེས་ཡིན།

དུས་ཡུན།

སྤྱིར་བཏང་རླུང་སྦྱོར་འདི་དུས་ཡུན་སྐར་མ་གཉིས་ནས་གསུམ་གྱི་རིང་བྱེད་དགོས་ལ། དབྱར་ཀའི་དུས་སམ་ཚ་དྲོད་ཆེ་བའི་སྐབས་སུ་དེ་ལས་ཡུན་ཐུང་ཙམ་རིང་བྱས་ན་ལེགས།

ཕན་ཡོན།

ཆམ་ནད། གློ་ནད། དབུགས་འཚང་སོགས་དབུགས་གཏོང་ལེན་དང་འབྲེལ་བའི་ནད་ཀུན་གསོ།

ལྕེའུ་ཆུང་དང་ཨོལ་མདུད་ན་བ་སོགས་མིད་པ་དང་འབྲེལ་བའི་ན་ཚ་ཀུན་གསོ།

གློ་བའི་ནུས་ཤུགས་ཆེ་རུ་གཏོང་བ་དང༌།སྙིང་དང་ཀླད་པར་རླུང་འབྱུང་འཇུག་མང་དུ་བྱེད་པར་བསྐུལ་བས་གཟུགས་པོའི་ཆ་ཤས་ཡོངས་ལ་ཕན།

ལུས་པོའི་བདེ་ཐང་ལ་ཧ་ཅང་གལ་གནད་ཆེ་བའི་རླུང་མཁྲིས་བད་ཀན་གསུམ་སྙོམས་པར་བྱེད་ཅིང༌། རྒྱུན་མཐུད་དེ་ཆ་སྙོམས་སུ་གནས་པར་བྱེད།

ཁྲག་གཙང་མ་བཟོ་བ་དང༌། ལུས་པོའི་སྟེང་གི་མི་གཙང་བའི་རིགས་དང་གནོད་པའི་རིགས་རྣམས་དག་པར་བྱེད།

རླུང་ཆ་སྙོམས་པར་བྱས་ཏེ་སེམས་ལ་ཞི་བདེ་སྟེར་ཞིང༌། རྩ་འཁོར་རྣམས་སུ་རླུང་ཚུལ་བཞིན་དུ་རྒྱུ་བར་བྱེད་པ་སོགས་ཕན་ཡོན་ཤིན་ཏུ་མང༌།

དགག་བྱ། སྙིང་གི་ན་ཚ་ཡོད་པ་དང་ཁྲག་ཤེད་མཐོ་བའི་རིགས་སུ་ཡིན་ཡང་སྦྱོང་བརྡར་འདི་བྱེད་མི་རུང་ལ། གློ་བ་དང་སྙིང་གི་ནུས་སྟོབས་ཞན་པ་རྣམས་ཀྱིས་དུས་རྒྱུན་དུ་དལ་བུས་བྱ་རྒྱུ་ཤིན་ཏུ་གལ་ཆེ།

རླུང་སྦྱོར་གཉིས་པ། ཀ་བྰལ་བྷ་ཏི།

རླུང་སྦྱོར་འདིའི་མིང་ལ་ཀ་པྰལ་བྷ་ཏི། ཞེས་ཟེར་ལ། ཀ་པྰལ་ནི་དཔྲལ་བ་དང༌། བྷ་ཏི་ནི་འོད་ལ་ཟེར། རླུང་སྦྱོར་འདིས་རྣལ་འབྱོར་པ་རང་གི་དཔྲལ་ཁོང་གསལ་ཞིང་འོད་མདངས་ཅན་དུ་བསྒྱུར་བ་ཡིན།

དབུགས་རྔུབ་གཏོང་བྱེད་སྟངས།

རླུང་སྦྱོར་འདི་གོང་དང་མི་འདྲ་སྟེ།རླུང་སྦྱོར་དང་པོའི་སྐབས་སུ།དབུགས་རྔུ་གཏོང་གཉིས་ཀ་ཤུགས་ཚད་མཉམ་པ་བྱ་དགོས་ལ།འདིར་དབུགས་ནང་དུ་རྔུབ་པའི་སྐབས་སུ་རྒྱུན་ལྡན་ལྟར་དལ་བུས་བྱེད་དགོས་པས་ལྟོ་བ་རང་བབས་སུ་གནས་ཤིང༌། ཕྱིར་གཏོང་བའི་སྐབས་ཤུགས་གང་ཡོད་ཀྱིས་གཏང་དགོས་པས་ལྟོ་བ་ནང་དུ་འཁུམ་པ་ཡིན། རླུང་སྦྱོར་འདིས་རྩ་འཁོར་གསུམ་སྟེ།མུ་ལ་དྷ་ར་དང༌།སྭ་དྷི་ཤི་ཏ་ན།མ་ནི་པུ་ར་བཅས་ལ་དམིགས་བསལ་གྱིས་གཡོ་འགུལ་དང་ཤུགས་རྐྱེན་སྟེར་ལ།དུས་ཡུན་སྐར་མ་ལྔ་ཙམ་གྱི་རིང་བྱས་པའི་རྗེས་སུ།རྒྱུན་ལྡན་ལྟར་དབུགས་རིང་དུ་བརྔུབས་ལ།དེ་ནས་ཤུགས་ཆེན་པོས་ཕྱིར་བཏང་སྟེ་མཚམས་གཞགདེ་ལྟར་བྱས་པས་གློ་མཆིན་སོགས་ནང་ཁྲོལ་རྣམས་ལ་གཡོ་འགུལ་ཐེབས་ངེས་ཡིན།གལ་ཏེ་འདོད་པ་བྱུང་ན།དབུགས་ཕྱིར་གཏོང་དུས་ནད་དང་སྡིག་པ་ཉིན་མོངས་སོགས་མི་འདོད་པའི་རིགས་ཀུན་ཕྱིར་ཐོན་པ་དང༌།ནང་དུ་རྔུབ་དུས་དབུགས་དང་ལྷན་དུ་བྱམས་སྙིང་རྗེ་སོགས་དགེ་བའི་ཕྱོགས་ཀྱི་དངོས་པོ་ཀུན་ནང་དུ་རྒྱུ་བར་བསམས་ན་ལེགས།ཐོག་མའི་ཆར་རླུང་སྦྱོར་འདིའི་དུས་ཡུན་བཤད་དཀའ་ཡང༌།མུ་མཐུད་དེ་བྱས་ན།ཟླ་བ་གཉིས་ཙམ་གྱི་རྗེས་སུ་དཀའ་བ་མེད་ཅིང་བར་མཚམས་མེད་པར་དུས་ཡུན་སྐར་མ་ལྔའི་རིང་བྱེད་ཐུབ།འོན་ཀྱང༌།ཐོག་མའི་སྐབས་སུ།རྒྱབ་དང་ལྟོ་བ་ན་བ་སོགས་འབྱུང་སྲིད་ཀྱང་མུ་མཐུད་དེ་བྱས་ན་དེ་དག་རིམ་གྱིས་ཡལ་འགྲོ།

དགག་བྱ།

ཚ་བ་ལ་འཛེམ་དགོས་པའི་ན་ཚ་ཅན་རྣམས་ཀྱིས་དབྱར་དུས་སམ་ཚ་དྲོད་ཆེ་བའི་སྐབས་སུ་དུས་ཡུན་སྐར་མ་གཉིས་ལས་མང་བར་བྱེད་མི་རུང༌།

དུས་ཡུན།

རླུང་སྦྱོར་འདི་དུས་ཡུན་སྐར་མ་ལྔ་ནས་བཅུའི་རིང་བྱེད་དགོས། ནད་གཞི་རྙིང་པ་དང་ལྕི་བོ་ཅན་རྣམས་ཀྱིས་ཉུང་མཐར་ཡང་སྐར་མ་བཅོ་ལྔའི་རིང་བྱེད་དགོས།

ཕན་ཡོན།

ཉིན་ལྟར་དུས་ཡུན་སྐར་མ་ལྔ་ཙམ་གྱི་རིང་ཆག་མེད་བྱས་ན།

གདོང་པའི་ཤ་མདོག་གསལ་ཞིང་ལུས་ཀྱི་པགས་པ་གཞོན་ཤ་ཅན་དུ་འགྱུར།

དབུགས་འཚང་དང༌། ཡ་མ། འབྱུང་ཁམས་ལ་མི་འཕྲོད་པའི་རིགས་(Allergy)སོགས་དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་ཀུན་གསོ།

སྙིང་དང་གློ་བ། ཀླད་པ། དེ་བཞིན་མཁལ་མ་དང་བསམ་བསེའུ། (Prostate)ན་བ་སོགས་གསོ།

ཤ་རྒྱགས་པ། གཅིན་སྙི། (ཅི་ནི་ན་ཚ།) གྲོད་པ་སྦོས་པ། ཆབ་ཆེན་མི་འབབ་པ། ཕོ་ཁ་སྐྱུར་བ། ཕོ་བའི་འཇུ་སྟོབས་ཞན་པ། ཁྲག་རྩ་འགག་པ་སོགས་གསོ་ཐུབ་པར་མ་ཟད། རྒྱུ་མའི་ནུས་སྟོབས་ཆེ་རུ་གཏོང་བ་སོགས་ནང་ཁྲོལ་ཐམས་ཅད་ཀྱི་བྱེད་ལས་སླར་གསོ་བྱེད།

སེམས་ལ་སྤོབས་པ་དང་ཞི་བདེ་སྟེར་ཞིང་སེམས་ཁམས་བརྟན་དུ་གཏོང་བ་དང༌། སེམས་ཞུམ་པའམ་སེམས་ཤུགས་ཆག་པ་དང་ཚུལ་མིན་གྱི་བསམ་བློའི་རིགས་མེད་པར་བྱེད་ཅིང༌། རྩ་འཁོར་ཐམས་ཅན་གཙང་མའམ་དག་པར་བྱེད་པ་སོགས་ཕན་ཡོན་ཤིན་ཏུ་མང༌།

རླུང་སྦྱོར་འདི་གཞན་ཀུན་ལས་མཆོག་ཏུ་གྱུར་བ་དང་ཕུལ་དུ་བྱུང་བ་ཡིན་པས། རླུང་སྦྱོར་གཞན་དུ་མ་ལྷན་དུ་བསྡོམས་ཀྱང་འགྲན་དུ་མེད་ལ། ཕན་ཡོན་རྣམས་ཇི་བཞིན་འབྱུང་བར་ཡང་ཐེ་ཚོམ་མེད།

རླུང་སྦྱོར་གསུམ་པ། བྰཧྲ་པྲནྰ་ཡྰ་མྰ།

རླུང་སྦྱོར་འདི་ཐེངས་གསུམ་ནས་བཞིའི་བར་དུ་བྱ་དགོས།

དབུགས་གཏོང་རྔུབ་བྱེད་སྟངས།

རླུང་སྦྱོར་འདི་ལས་དང་པོ་བས།ཐོག་མར་ལག་པ་གཉིས་མགོའི་རྒྱབ་(ལྟག་ཁུང་)ཏུ་བསྣོལ་ཏེ་གན་རྐྱལ་དུ་ཉལ། དེ་ནས་ལག་པས་མགོ་བོ་ཡར་འཐེན་ཏེ་བྲང་ངོས་སུ་བཀུག་ལ། དུས་མཚུངས་སུ་ཤུགས་གང་ཡོད་ཀྱིས་སྣ་ཁུང་ནས་དབུགས་གང་མང་མང་ཕྱིར་གཏང༌། དེ་ནས་ལྟོ་ཞབས་ཀྱི་དབུགས་ལྷག་རྣམས་ལྟེ་བ་ནས་སྙིང་ག་དང༌། སྙིང་ག་ནས་མགྲིན་པའི་བར་རིམ་གྱིས་འཐེན་ཏེ། མགྲིན་མཚམས་སུ་རྒྱུན་གང་རིང་རིང་གི་བར་དུ་གཟུང༌། དབུགས་བཟུང་བ་གློད་པའི་སྐབས་སུ། དེ་ནས་མགྲིན་པ་ནས་བཟློག་སྟེ་རིམ་བཞིན་སྙིང་ག་དང་དེ་ནས་ལྟེ་བར་དུ་རྒྱུ་བར་བྱེད་ཅིང༌། རིམ་གྱིས་རྒྱུན་ལྡན་ལྟར་དབུགས་གཏོང་རྔུབ་བྱེད་དགོས་། རླུང་སྦྱོར་འདིར་གོམས་འདྲིས་གང་མཚམས་སོང་བ་ན། རྡོ་རྗེ་སྐྱིལ་ཀྲུང་བྱས་ཏེ་ཙོག་པུར་འདུག་ལ། ལག་པ་གཉིས་པུས་མོའི་སྟེང་བཞག་སྟེ་བྱའོ།

ཕན་ཡོན།

ཕོ་བའི་འཇུ་སྟོབས་འཕེལ།

ལྟོ་བའི་ནང་གི་ནང་ཁྲོལ་ཀུན་དང་འབྲེལ་བའི་ནད་གཞི་ཐམས་ཅད་གསོ།

ལུས་ཀྱི་ཆ་ཤས་ཐམས་ཅད་གཙང་ཞིང་དག་པར་བྱེད།

ཁམས་སམ་ཐིག་ལེ་གཙང་ཞིང་དག་པར་བྱེད་ཅིང་བྱེད་ལས་གསོ།

ཤེས་པ་གསལ་ཞིང་རིག་པ་རྣོ་བར་འགྱུར།

ནང་ཁྲོལ་གང་རུང་ཐང་པོ་མེད་པ་དང་དེའི་རྐྱེན་པས་རླུང་སྦྱོར་གཉིས་པའི་སྐབས་ན་ཟུག་བྱུང་ན། རླུང་སྦྱོར་གསུམ་པ་འདིའི་སྐབས་སུ་ནང་ཁྲོལ་སྐྱོན་ཅན་དེ་དག་སླར་གསོ།

རླུང་སྦྱོར་འདི་ཉིན་རེར་ཐེངས་གསུམ་ནས་བཞིའི་བར་བྱེད་དགོས

 

རླུང་སྦྱོར་བཞི་པ། ཨ་ནུ་ལོ་མ་དང་བ྄ི་ལོ་མ་པྲནྰ་ཡྰ་མྰ།

དབུགས་རྔུབ་གཏོང་བྱེད་སྟངས།

ཐོག་མར་མཐེ་བོང་གཡས་པས་སྣ་བུག་གཡས་པ་བཀག་སྟེ་སྣ་བུག་གཡོན་པ་ནས་གློ་བའི་ནང་རླུང་མ་གང་གི་བར་དུ་ག་ལེར་བརྔུབ།དེ་ནས་གུང་མོ་དང་སྲིན་ལག་(མཛུབ་མོ་གསུམ་པ་དང་བཞི་པ།)གཉིས་ཀས་སྣ་བུག་གཡོན་པ་བཀག་སྟེ་གཡས་པ་ནས་དབུགས་ག་ལེར་བཏང་སྟེ་སླར་ཡར་བརྔུབ།དེ་ནས་གཡས་པ་བཀག་སྟེ་གཡོན་པ་ནས་ཕྱིར་བཏང་སྟེ་ཡར་བརྔུབ་དགོས་པས་དེ་ལྟར་བྱ། རླུང་ཕྱིར་གཏོང་བའི་སྐབས་གང་ཡིན་ལག་མཐིལ་ལ་སྣ་ཁུང་གི་ཕྱོགས་སུ་བསྟན། དེ་ལྟར་དབུགས་རྔུབ་གཏོང་ཡང་ཡང་བྱེད་ཅིང་རིམ་པས་མགྱོགས་ཚད་ཇེ་མྱུར་དུ་གཏང༌།

ཉིན་ལྟར་སྦྱོང་བརྡར་བྱས་ཏེ་རླུང་སྦྱོར་དེ་ཉིད་ཡུན་རིང་ཙམ་བྱེད་ཐུབ་པ་བྱུང་བ་ན།དབུགས་རྔུབ་གཏོང་གཉིས་ཁ་ཤུགས་གང་ཡོད་ཀྱིས་བྱ་དགོས། སྣ་བུག་གཡོན་པའི་རླུང་གིས་ཟླ་བ་དང་ཞི་བ་མཚོན་ཞིང༌། དེ་ཉིད་བསིལ་བར་བྱེད་པའི་བྱེད་ལས་ཅན་ཡིན་ལ། རྩ་ལམ་གཙང་མའམ་དག་པར་བྱེད་ཆེད་རླུང་སྦྱོར་འདི་ནམ་བྱེད་ལ་སྣ་བུག་གཡོན་པ་ནས་བརྩམས་ཏེ་མགོ་འཛུགས་དགོས་པ་ཡིན།

དགག་བྱ།

གོང་ལྟར་སྦྱོང་བརྡར་རིམ་པར་བྱས་ན།ནམ་ཞིག་དུས་ཡུན་སྐར་མ་བཅུའི་བར་དུ་བྱེད་ཐུབ་པར་འབྱུང་ཡང༌། དབྱར་ཀའམ་ཚ་དྲོད་ཆེ་བའི་སྐབས་སུ་དུས་ཡུན་སྐར་མ་ལྔ་ལས་མི་རིང་བར་བྱ་དགོས།

དུས་ཡུན། སྐར་མ་གསུམ་ནས་བཅུའི་བར་བྱ།

ཕན་ཡོན།

རླུང་སྦྱོར་འདི་བྱས་པ་ལ་བརྟེན་ནས་རྩ་ཐམས་ཅད་གཙང་མའམ་དག་པར་གྱུར་ཏེ། ལུས་ལ་སྟོབས་རྒྱས་ཤིང་མདངས་དང་ལྡན་པ། ནད་མེད་པར་འགྱུར་བ་ཡིན།

རུས་ཚིགས་སྐྲང་བ་དང་ན་བ། གྲུམ་བུའི་ནད་གཞི་བཅས་གསོ།

ཕོ་མོའི་དབང་པོ་དང་འབྲེལ་བའི་ཆ་ཤས་ཀུན་གསོ།

ཆམ་ནད་དང། ཡ་མ། མིག་ནད་བཅས་གསོ་ལ། དེ་དག་ནད་རྙིང་དུ་གྱུར་བ་དག་ཀྱང་གསོ།

ཁྲག་གི་འཁོར་སྐྱོད་བཟང་དུ་གཏོང་ཞིང༌། ཁྲག་རྩ་འགག་པ་བསང༌།

རླུང་སྦྱོར་འདི་ཟླ་བ་གསུམ་ནས་བཞིའི་བར་དུ་བྱས་ཚེ། ཁྲག་གི་འཁོར་སྐྱོད་དང་འབྲེལ་བའི་སྙིང་རྩ་དང་ལུས་རྩ་འགག་པའི་བརྒྱ་ཆའི་སུམ་ཅུ་ནས་བཞི་བཅུའི་བར་བསང་སྦྱོར་བར་བྱེད་ལ།ཁྲག་རྩའི་ནང་དུ་ཡོད་པའི་ཞག་ཚིལ་གྱི་རྫས་ཉུང་དུ་གཏོང་ཞིང༌ཁྲག་རྩའི་བྱེད་ལས་རྒྱུན་ལྡན་དུ་བྱེད་པས་སྙིང་ནད་ཀྱི་ཉེན་ཁ་སེལ་བར་བྱེད།

ལུས་སེམས་གཉིས་དག་པར་བྱེད་པས་རྣལ་འབྱོར་པའི་ལུས་དང་སེམས་ལ་བརྟེན་པའི་ནད་གཞི་ཕལ་མོ་ཆེ་དྲག་སྐྱེད་བྱེད།

ཚུལ་མིན་གྱི་རྣམ་རྟོག་བསལ་ཏེ་སྤོབས་པ་དང༌། སེམས་ཤུགས། འཇིགས་པའམ་ཞུམ་པ་མེད་པ། ཞི་བ་དང་བདེ་བའི་སྣང་བ་སོགས་ཚུལ་ལྡན་གྱི་སེམས་ཁམས་བསྐྱེད།

རླུང་སྦྱོར་འདི་ཉི་ལྟར་སྐར་མ་ལྔ་ནས་བཅུ་ལྔའི་བར་བྱས་ན། སྒལ་ཚིགས་ཀྱི་མར་སྣེའི་ཐད་ཀྱི་རྩ་འཁོར་ལ་གནས་པའི་རླུང་ཀུནྡ་ལི་ནི་སད་ཅིང་གྱེན་དུ་ཕྱོགས་ཏེ་རྩ་དབུ་མའི་ནང་དུ་རྒྱུ་བའི་མགོ་རྩོམ་ཞིང༌། དེའི་འབྲས་བུར་སེམས་རྒྱ་ཆེ་རུ་འགྲི་ཞིང་རིགས་ཀྱི་ནུས་པ་སད་པ་སོགས་བྱེད་དོ།

རླུང་སྦྱོར་ལྔ་པ། ནྰ་དི་ཤོ་དྷན་པྲནྰ་ཡྰ་མྰ།

དབུགས་རྔུབ་གཏོང་བྱེད་སྟངས། འདིར་ཡང་རླུང་སྦྱོར་བཞི་པ་ལྟར་སྣ་བུགས་གཡས་པ་བཀག་སྟེ་སྣ་བུག་གཡོན་པ་ནས་དབུགས་ནང་དུ་ག་ལེར་རིང་དུ་བརྔུབས་ལ།ལྟེ་བ་དང་མགྲིན་པའི་མཚམས་སུ་གང་ཐུབ་ཀྱིས་བཟུང་(གང་ཐུབ་ཐུབ་ཀྱིས་ལྟོ་བ་ནང་དུ་བསྐུམས་ཏེ་དབུགས་གཟུང༌།)སྟེ།རྒྱུན་གང་རིང་རིང་གི་བར་དུ་དེ་མུར་བསྡད།མཐར་སྣ་བུག་གཡས་པ་ནས་དབུགས་དལ་བུས་བཏང་སྟེ།གློ་བ་སྟོང་བར་བཞག་སྟེ་ཡུད་ཙམ་བསྡད།དེ་ནས་སླར་ཡང་སྣ་བུག་གཡས་པ་ནས་ག་ལེར་དབུངས་བརྔུབས་ལ་གང་ཐུབ་ཀྱིས་རླུང་ནང་དུ་གཟུང༌།མཐར་མགྱོགས་ཚད་དལ་བུའི་སྒོ་ནས་ཤུགས་གང་ཡོད་ཀྱིས་སྣ་བུག་གཡོན་པ་ནས་ཕྱིར་གཏང་ངོ།

རླུང་སྦྱོར་དྲུག་པ། བྷར་མྰ་རི་པྲནྰ་ཡྰ་མྰ།

དབུགས་རྔུབ་གཏོང་བྱེད་སྟངས།

སྣ་བུག་གཉིས་ནས་གློ་བ་རླུང་གིས་མ་གང་གི་བར་དུ་དབུགས་ནང་དུ་བརྔུབས་། གློ་བ་གང་བ་ན་མཐེ་བོང་གཉིས་ཀྱིས་རྣ་བའི་བུ་ག་གཡས་གཡོན་གཉིས་ཡོངས་སུ་བཅད།གུང་མོ་གཉིས་ཀྱིས་མིག་གཉིས་ཅུང་ཙམ་མནན་ཏེ་བསྒྲིབ།མཛུབ་མོ་གཉིས་ཀྱིས་ཐོད་པའི་ངོས་གཉིས་ཅུང་ཟད་མནན།སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ཏེ་སོར་མོ་བཞི་པོས་སྣ་བུག་གཡས་གཡོན་གྱི་ངོས་གཉིས་ནས་ཅུང་ཟད་མནན། ཁ་བཙུམ། སྨིན་མཚམས་ཀྱི་རྩ་འཁོར་ལ་དམིགས་པ་གཏད། དེ་ནས་དབུགས་ག་ལེར་ཕྱིར་གཏོང་བའི་མགོ་འཛུགས་དགོས་ཤིང༌། ཨོཾ་ཡིག་ཡིད་བཟླས་བྱེད་ཞོར་སྦྲང་མའི་སྐད་ལྟ་བུའི་སྔགས་ཀྱི་གདངངས་སྐད་དམའ་བོས་སྒྲོག་པར་བྱེད་དགོས།

ཡུན་ཚད། ཐེངས་བཅུ་གཅིག་ནས་ཉེར་གཅིག་བར་དུ་བྱ།

ཕན་ཡོན།

སེམས་ཁམས་སྙོམས་པར་བྱེད།

སེམས་ཁམས་འཁྲུག་པ་དང་ཡིད་ཀྱི་དཀའ་ངལ་བསལ།

ཁྲག་ཤེད་མཐོ་བ་དང་སྙིང་ནད་ཀྱི་རིགས་བསལ།

སྒོམ་གྱི་ཉམས་ལེན་ལ་བོགས་ཐོན།

རླུང་སྦྱོར་འདི་ཉིད་བྱེད་སྐབས།རང་སེམས་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་དང་དབྱེར་མེད་གཅིག་ཏུ་འདྲེས་པར་བསམས་ལ། སྒོ་གསུམ་བྱིན་གྱིས་བརླབས་པའི་མོས་པ་བྱའོ། དེ་ལྟར་རླུང་སྦྱོར་འདི་ཉིད་བྱས་ཚེ། བླ་མ་དང་རྒྱལ་བ་ཡབ་སྲས་བཅས་ཀྱི་བྱིན་རླབས་ལ་བརྟེན་ནས་ངེས་པར་སྒོམ་ཉམས་ལེན་ལ་བོགས་ཐོན་ནོ༎

རླུང་སྦྱོར་བདུན་པ། ཨོཾ་ཀར་ཛྰ་པྰ། (ཨོཾ་སྒྲ་ཤུབ་བུར་འདོན་པ། )

དབུགས་རྔུབ་གཏོང་བྱེད་སྟངས།

རླུང་སྦྱོར་སྔ་མ་དྲུག་ཟིན་རྗེས།དབུགས་འགྲོ་འོང་ལ་དམིགས་པ་གཏད་དེ་ཨོཾ་ཡིག་ཡིད་བཟླས་བྱ་ལ།དབུགས་གཏོང་ལེན་གྱི་སྐབས་སུ་ཧ་ཅང་འཇམ་པོ་དང་དལ་བུས་ཏེ།རང་གི་སྣ་བུག་ནས་དབུགས་འགྲོ་འོང་བྱེད་པ་ཙམ་ཡང་མི་ཤེས་པའི་ཚོད་དུ་བྱེད་དགོས།དེ་ལྟར་རིམ་གྱིས་སྦྱངས་པ་ན།དབུགས་གཏོང་རྔུབ་གཉིས་སྐར་མ་གཅིག་གི་རིང་ཡུན་བསྲིང་ཐུབ་པ་འབྱུང༌།

ཕན་ཡོན། གལ་ཏེ་རླུང་སྦྱོར་འདི་ཉལ་ཁར་བྱས་ན། གཉིད་བདེ་བ་དང༌། རྨི་ལམ་མི་འཁྲུགས་པ་སོགས་ཕན་ཡོན་ཆེའོ།

སེམས་ཅན་ཐམས་ཅད་ཚེ་རིང་ནད་མེད་བདེ་སྐྱིད་དང་ལྡན་པར་འགྱུར་བར་ཤོག

མ་ཡིག་འདི་དེ་སྔོན་རྒྱུད་སྟོད་དགོན་པའི་འབྲེལ་ཡོད་ཀྱིས་ཕྱིག་བྲིས་བཀོད་པ་

འདིར་བགྲང་བར་ལགས་ན་སེམས་ཅན་ཐམས་ཅད་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཞིག།

ཕྱི་ལོ་2010ལོའི་ཟླ་1ཚེས་16ཉིན་སྤེལ