མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཞི་པ།
ཟླ་འདིའི་ཚེས་༡༥ ཉིན་གྱི་ཞོགས་པ་རྒྱ་གར་གྱི་གྲོང་ཁྱེར་དང་གི་ཚོགས་འདུ་དངོས་སུ་འགོ་བཙུགས་ཐོག ཚོགས་འདུའི་སྤྱི་ཁྱབ་འབྲེལ་མཐུད་པ་པ་སང་ཚེ་རིང་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་བྱས་རྗེས། སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་དང་འཛམ་གླིང་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང། འདས་པའི་འཛམ་གླིང་གི་གནས་བབ་འཕོ་འགྱུར་དང་བོད་ཀྱི་ལོ་རྒྱུས་ཁྲོད་བལྟས་པ་ཡིན་ན། འཛམ་གླིང་གི་འགྱུར་འགྲོས་ཀྱིས་བོད་ཀྱི་གནས་སྟེངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད་ཅེས་དང༌། རྒྱ་ནག་ནི་འཛམ་གླིང་ནང་ན་མིའི་ཤུགས་དང་དཔལ་འབྱོར་གྱི་ཤུགས། དམག་དོན་གྱི་ཤུགས། གང་ཅིའི་ཐད་སྟོབས་ཆེན་ཆགས་ཀྱི་ཡོད་པ་རེད་ལ། དེའི་རྒྱུ་མཚན་གྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གྱི་མི་སྣ་ཚོར་གནོན་ཤུགས་སྤྲད་ཐུབ་ཀྱི་ཡོད་རེད། ང་ཚོ་བོད་ཀྱི་རྩོམ་པ་པོ་དང༌། གླུ་བ། མཁས་པ། བླ་ཆེན་ཁག་ཅས་གནད་ཡོད་མི་སྣ་ཚང་མ་རྩ་མེད་གཏོང་གི་ཡོད་རེད། ང་ཚོའི་ཁ་གཏད་དེ་དེ་འདྲ་ཞིག་ཡིན་དུས། ང་ཚོས་ཀྱང་དེ་ལ་གྲ་སྒྲིག་དགོས་ཀྱི་རེད། ལྷག་བསམ་དང་བློས་གཏོང་གི་གྲ་སྒྲིག་དགོས་ཀྱི་རེད་ཅེས་ཚོར་སྣང་དྲག་པོའི་རྣམ་འགྱུར་དང་བཅས་གསུང་སོང༌། ཁོང་གིས་མུ་མཐུད་དུ།
ངས་ལོ་གཅིག་ལྷག་ལ་ཉམས་ཞིབ་བྱས་པའི་སྐབས་ང་ཚོར་ཉེན་ཁ་ཆེན་པོ་ཞིག་འདུག དེ་ནི་རྒྱ་ནག་གིས་ང་ཚོ་འཇིགས་སྐུལ་རང་ལུགས་པ་ཞིག་དུ་མ་ཉེས་ཁག་ཡོག་བྱེད་འདོད་ཡོད་པ་དེ་རེད། ང་ཚོས་དེ་ལ་དོ་སྣང་ཆེན་པོ་སྤྲད་དགོས་ཀྱི་འདུག་ཅེས་རྒྱུ་མཚན་གང་མང་དང་བཅས་གསུང་རྗེས་སློབ་མ་ཚོ་དང་དྲི་བ་དྲི་ལན་བྱས་སོང༌། སློབ་ཕྲུག་ཚོས་ཧ་ཅང་ཚོར་སྣང་ཆེན་པོས་བོད་ཀྱི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་དགོས་པ་དང༌། ལྷག་པར་བོད་ནང་གི་གནས་སྟངས་གསལ་བོ་ཤེས་དགོས་ཀྱི་ཡོད་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་རང་ངོས་ནས་འགན་ཁུར་དགོས་སྐོར་སོགས་ལ་བགྲོ་གླེང་བྱས་སོང༌།
ཚེས་༡༦ ཉིན་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་ཤེས་ཡོན་དང་རིགས་གཅིག་རྐང་འཛིན་ཞེས་པའི་བརྗོད་གཞིའི་ཐོག ཁོང་གིས་སློབ་སྦྱོང་བྱས་པའི་བརྒྱུད་རིམ་དང་འབྲེལ་བའི་ངལ་རྩོལ་བྱས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ན་གྲུབ་འབྲས་ཐོན་སྐོར་གསུངས་པ་དང། ཁོང་གིས་ཆེད་ལས་བྱེད་པ་ལ་ཟླ་བ་ཁ་ཤས་ཙམ་གྱིས་ཡོང་གི་མ་རེད། ལོ་ནས་ལོ་ལ་དཀའ་ལས་རྒྱག་རྒྱུའི་གྲ་སྒྲིག་དགོས་པ་རེད། ཤེས་ཡོན་སློབ་སྦྱོང་གི་ལམ་ལ་འགྲན་བསྡུར་བྱེད་དགོས་པ་དང། དེ་ཡང་རྩེ་ཕུད་ལ་སླེབས་ཐུབ་པ་དགོས་རེད། ང་ཚོས་ཆབ་སྲིད་ཐོག་ལས་ཀ་བྱེད་དགོས་པ་རེད་དེ། སློབ་སྦྱོང་བྱེད་པའི་སྐབས་ལ་འཐུས་ཤོར་མ་ཕྱིན་པ་དང་སློབ་སྦྱོང་གལ་ཆེ་བར་འཇོག་དགོས་ཀྱི་འདུག ཅེས་དང༌། ཡང་ཁོང་གིས་སློབ་གྲོགས་འདྲ་མིན་དང་མཉམ་དུ་གཤིབ། མི་འདྲ་མིན་དང་སྐད་ཆ་བཤད། སློབ་སྦྱོང་དང་མཐོང་རྒྱ་ཆེ་རུ་འགྲོ་ཡི་རེད། ཡ་རབ་བཟང་སྤྱོད་གལ་ཆེན་པོ་རེད་དེ། དེ་ནང་ནས་བྱེད་དགོས་རེད། ལགས་སོ་ལགས་སོ་ཟེར་བ་དང་མགོ་སྒུར་སྒུར་བྱེད་པ་དེ་རྣམ་པ་ཙམ་རེད། དེ་ལས་སློབ་སྦྱོང་བྱས་ནས་མི་ལ་འགྲན་ཐུབ་པ་དང་རང་ལ་འཁྲི་བའི་ལས་དོན་ལ་འབད་པ་བྱེད་རྒྱུ་དེ་ཡ་རབ་རེད་ཅེས་ཀྱང་གསུང་སོང། གཏམ་བཤད་གྲུབ་རྗེས་དྲི་བ་དྲིན་ཡིན་རིང་བྱས་ཡོད་པ་དང༌། སློབ་ཕྲུག་ཅིག་གི་ཁྱེད་རང་བཀའ་ཁྲིའི་འོས་གཞི་ནང་ད་ལྟ་མི་མང་ནང་གླེང་སློང་ཡོང་གི་ཡོད་རེད། གལ་ཏེ་ཁྱེད་རང་ལ་འོས་བླུག་པ་ཡིན་ན་བཀའ་ཁྲི་བྱེད་རྒྱུ་ཡིན་ནམ། གྲ་སྒྲིག་གང་ཡོད་ཅེས་པར། ཁོང་གིས་ང་ཚོས་ག་རེ་ཡིན་ན་ཡང་བྱེད་དགོས་རེད་བཤད་ཀྱི་ཡོད་དུས་བཀའ་བློན་ཁྲི་པ་བྱེད་ཀྱི་མིན་ཟེར་ན་མ་འགྲིག་པར་དཀའ་ལས་ཁག་པོ་རེད། ཡིན་ན་ཡང་བྱེད་ཀྱི་ཡིན་ཟེར་ན་ཡང་ཁག་པོ་རེད། ལས་འགན་ཆེན་པོ་རེད། བསམ་བློ་གཏོང་རྒྱུ་ཞིག་དང་གྲོས་བསྡུར་བྱེད་རྒྱུ་ཞིག་རེད་ཅེས་བཤད་ཀྱི་ཡོད། ད་ངས་གྲོས་བསྡུས་བྱེད་རྒྱུ་འགོ་བཙུགས་ནས་ད་ལྟ་གང་ལ་སླེབས་ཡོད་ཟེར་ན། ཁག་ཅིག་གིས་ྋགོང་ས་མཆོག་གིས་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གིས་བཀའ་ཁྲི་གནང་ན་ཡག་པོ་རེད་གསུང་གི་ཡོད་པས་བཀའ་ཁྲི་ཡིན་ཅིག་མིན་གཅིག་བྱེད་དགོས་རེད་ཟེར་གྱི་འདུག ཡང་ཁག་ཅིག་གིས་ཧ་ཝར་གྱི་ད་ལྟའི་ལས་ཀ་དེ་བོད་མི་ལ་གལ་ཆེན་པོ་རེད་ཕ་གི་ཤོར་ན་ཁག་པོ་ཡིན་པས། ཕ་གིར་བསྡད་ན་ཡག་པོ་འདུག་ཟེར་གྱི་འདུག ཕྱོགས་གཉིས་ལ་རྒྱུ་མཚན་འདུག ད་དུང་བསམ་བློ་གཏོང་གི་ཡིན་ཞེས་འགྲེལ་བརྗོད་གནང་སོང། ཉིན་རྒྱབ་འབྱུང་འགྱུར་གྱི་བཀའ་ཁྲི་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཕྱོགས་དང་འབྲེལ་བའི་ཐད་སློབ་མ་ནང་ཁུལ་ཚོགས་ཆུང་བགོས་ཏེ་བགྲོ་གླེང་བྱས་པ་དང༌། བོད་ནང་གི་བོད་རིགས་ཐོ་རིམ་སློབ་མ་ཚོས་ཆབ་སྲིད་ཀྱི་བརྗོད་བྱས་པའི་རྩོམ་ཡིག་སྐོར་ལ་གླེང་སློང་བྱས་ནས་བོད་ཕྱི་ནང་གི་བོད་གྱི་ན་གཞོན་སློབ་མ་རྣམས་ཀྱི་ལས་དབང་དང་འགན་འཁུར། སྐྱིད་སྡུག་གཅིག་པ་ཡིན་པ་གསལ་སྟོན་བྱས་སོང༌། ཚེས་༡༧ ཉིན་མཁས་བློ་བཟང་སེང་གེ་ལགས་ཀྱིས་དབང་ཆ་བཅུ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང། ཚེས་༡༨ ཉིན་ཚོགས་འདུ་མཇུག་གྲུབ་ཡོད་པ་རེད།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ནི་ཕྱི་ལོ་༢༠༠༦ ཟླ་༦ པའི་ནང་དྷ་རམ་ས་ལར་མཐོ་སློབ་ཁག་གི་སློབ་མ་འདུ་འཛོམས་སྐབས་ཤིག་གི་ཁྲོད་གླེང་སློང་བྱུང་ཞིང༌། ལོ་དེའི་ཟླ་༩་པའི་ནང་རྒྱལ་ས་ལྡི་ལིར་མཐོ་སློབ་ཁག་བདུན་གྱི་བོད་རིགས་སློབ་མ་གྲངས་༡༠་ཉམ་འཛོམས་ཐོག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཞེས་པ་འདི་འཚོགས་རྒྱུར་གཏན་ཁེལ་བྱུང་ནས་ཟླ་༡༢་པའི་ཚེས་༢༦་ནས་ཉིན་བཞིའི་རིང་ཚོགས་ཆེན་ཐེངས་དང་པོ་རྒྱ་གར་ལྷོ་ཕྱོགས་མེངྒ་ལོར་པདྨ་ཤྲི་ཚོགས་ཁང་དུ་དངོས་སུ་འཚོགས་ཡོད་པ་དང༌། དེ་ནས་ལོ་རེའི་ནང་ཚོགས་ཆེན་འདི་བཞིན་ཐེངས་རེ་འཚོགས་ཀྱི་ཡོད་པ་རེད་འདུག་ལ། ད་ལོ་ཚོགས་ཐེངས་བཞི་པ་དེ་ཡིན་པ་རེད་འདུག ཚོགས་ཆེན་དེའི་དམིགས་ཡུལ་ནི་བོད་རིགས་མཐོ་སློབ་སློབ་མའི་དབར་འབྲེལ་བ་དམ་ཟབ་དང༌། བློབ་གཉེར་བ་རྣམས་ནས་རང་ངོ་རང་ཤེས་དང༌། རང་འགན་རང་འཁུར་གྱི་བསམ་པ་སྐྲུན་ཐབས་བྱ་རྒྱུ་ཞེས་འཁོད་ཡོད་པ་རེད། མེ་སོར་གསར་འགོད་པས་ཆེན་ནཡེ་གྲོང་ཁྱེར་ནས།