བོད་གཞུང་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྲིད་ཁྲིམས་མན་ངག་ཕྱོགས་སྟོན་ལས་ཆེད་རྩོམ་འཆར་ཟིན།
ས་བཅད་དང་པོ། གླེང་གཞི།
རྩོམ་གྱི་གཞི་འཛིན་ས་གཙོ་བོ་ནི་ ༢༠༠༨ ལོའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པ་མཆོག་གི་དམིགས་བསལ་བཀའ་ཁྱབ་གཞི་འཛིན་ནས་དཔྱད་རྩོམ་བྱས་པ་ཡིན། བརྗོད་བྱ་གཙོ་བོ་ནི་འདས་པའི་ལོ་རྒྱུས་ནང༌། བོད་དེ་རང་བཙན་གཙང་མ་ཡིན་པ་དང༌། ད་ལྟའི་ས་གནས་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ཁྲིམས་ལུགས་གོ་རིམ་བརྒྱུད་ནས་གང་མགྱོགས་ཀྱི་ཐབས་ལམ་དང༌། མདའ་གཅིག་གི་གླ་བ་གཉིས་བསད་ཟེར་བའི་དཔེ་ལྟར་དོན་དངོས་དང་ཡིག་ཆའི་དཔང་རྟགས་ལ་གཞིགས་ནས་འབྱུང་འགྱུར་ཆབ་སྲིད་ལམ་ཕྱོགས་དེ་ཁྲིམས་ལུགས་གོ་རིམ་ཐོག་ནས་དཔང་རྟགས་གདེང་ཚོད་ངེས་ཅན་ཐོབ་པ་དང༌། ༡༩༥༡ ལོ་ནས་ ༢༠༠༩ བར་གྱི་རྒྱ་ནག་གཞུང་གི་ཏིང་ཞའོ་ཕིང་གཏམ་་བཏུས་ནང་བཤད་པ་བཞིན་ངན་སེམས་ལ་འགྱུར་བ་མེད་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་བཤད་པ་དེ་ལག་ལེན་བསྟར་ནས་དོན་དངོས་རྫུན་བཟོ་བྱས་ཏེ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་དཔང་པོ་བཙུགས་པ་དང༌། སྲིད་ཁྲིམས་སྟངས་འཛིན་བྱེད་ཕྱོགས་རྩ་་ཁྲིམས་དང་འགལ་བ་ཡོད་པ་དངོས་ཡོད་གནས་ཚུལ་རྣམས་ཕྱོགས་བསྡོམས་བྱས་ནས་འགྲེལ་པ་བསྡུས་ཚན་དང༌། འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་འཕྲལ་ཕུགས་རྒྱང་གསུམ་དང༌། མཐོ་དམན་བར་གསུམ་ཆབ་སྲིད་གནས་བབ་འདྲ་མཉམ། ཕྱར་གྲུ་མཉམ་འདེགས། ཁུར་མཉམ་ལེན་གྱི་སྲིད་ཁྲིམས་གནས་ལུགས་རྟོགས་པའི་སྒོ་ནས་གང་དགའ་ཅི་ལེགས་ཐབས་ལམ་འགྲོ་ཕན་ཡོང་བའི་དཔྱད་རྩོམ་འདི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་དོན་ཆུང་གསུམ་པའི་གཏན་འབེབས་ལས་བཅུ་དགུའི་ཆ་དང་ཉི་ཤུའི་ཟུར་ཁོངས་སུ་གཏོགས་པ་ཡིན། རྒྱ་གཞུང་ནས་རྩ་ཁྲིམས་དོན་ཚན་སོ་གཅིག་པའི་འབྲུ་དོན་དོན་གཉེར་གྱིས་བོད་དོན་དངོས་ལ་ཞི་བ་དང་བདེན་པར་སྨྲ་བ་ཞིག་སྲིད་ཁྲིམས་ལག་བསྟར་བྱས་ན་ཉེས་མེད་ཞི་བདེའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱིས་དཔལ་ཡོན་འཛུགས་ཐུབ་ཅིང༌། རྒྱ་ནག་གཞུང་གི་མིང་རྐྱང་ཙམ་གྱི་བོད་རང་སྐྱོང་ལྗོངས་དེ་སྙུག་མའི་སྒོ་ཡོལ་ནང་ལ་ཡོད། བུ་མོས་གང་བཤད་ཨ་མ་ཡིན་ཟེར་བའི་དཔེ་ལྟར། རང་ཚུགས་དང་རང་ཐག་རང་བརྗོད་ཀྱི་ནུས་པ་ཐོན་གྱི་མེད། ཞིང་ཆེན་དང༌། རང་སྐྱོང་ལྗོངས་བར་རྣམ་པ་དབྱེ་བའི་དགོས་དོན་མི་ཚང་བ་ཡིན། ༡༩༦༥ ལོར་བཙུགས་པའི་རང་སྐྱོང་ལྗོངས་དེ་ནི་རྒྱ་ནག་གཞུང་སྨྱོ་བའི་སྐབས་དེར་བཙུགས་པ་ཞིག་ཡིན་པས། སྨྱོ་བའི་སྐབས་དེའི་ལས་ངན་བྱ་ངན་རྣམས་རྒྱ་གཞུང་ནས་གཡོན་ཐལ་ལམ་ཕྱོགས་ཡིན་པའི་ངོས་ལེན་ནི་ཕྱི་ལོ་ ༡༩༧༨ ཟླ་ ༨ ནང་ཏང་གི་ཚོགས་ཆེན་བཅུ་གཅིག་པའི་སྐབས་སུ་བྱས་ཡོད། ད་དེའི་རང་སྐྱོང་ལྗོངས་དེ་ཡང་ཕྱིར་འཐེན་གྱིས་རྙིང་གཏོར་གསར་འཛུགས་བྱེད་དགོས། རྩ་ཁྲིམས་ནང་མི་རིགས་ཀྱིས་ས་གནས་སུ་རང་སྐྱོང་གི་དམིགས་བསལ་སྲིད་འཛིན་ས་ཁུལ་འཛུགས་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང༌། ཟུར་བཅད་བཅའ་ཁྲིམས་ནང་ཁྱད་བར་གྱི་རྣམ་པ་ངེས་ཅན་ཞིག་དབྱེར་མེད། བོད་ནང་ཁྲིམས་མཐུན་མ་ཡིན་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རང་དོན་ཁོ་ན་སྒྲུབ་མཁན་ནུས་མེད་རུལ་སུངས་ཀྱི་འཐུས་མི་དང༌། དེའི་རྒྱུན་ལས་ཚོགས་པ། རང་སྐྱོང་སྲིད་གཞུང། རྒྱ་ནག་པེ་ཅིང་སྲིད་གཞུང་བཅས་ཀྱིས་སྲིད་ཇུས་ཀྱི་བཟོད་བསྲན་མེད་པ་དང༌། ཁྲིམས་ལུགས་གཏན་འབེབས་ཡང་དག་རྣམས་ལག་ལེན་མེད་པ། བོད་མི་རིགས་དང༌། བོད་གཞུང་གི་ལོ་ངོ་ལྔ་བཅུ་ཙམ་བཟོད་བསྲན་བྱས་རུང་དེ་ལ་ངོས་ལེན་མ་བྱས་པར། ད་དུང་མ་ཉེས་ཁ་གཡོག་གི་དཔང་རྟགས་རྫུན་བཟོ་དང༌། འཇིགས་བསྐུལ་གྱི་བྱ་ཐབས་ལ་བརྟེན་ནས་བོད་མི་དམངས་ཀྱི་ཁེ་དབང་དང༌། རང་དབང་སོགས་ལ་བཙན་གནོན་བྱས་དང་བྱེད་བཞིན་པ་མ་ཟད། མི་རིགས་ཀྱི་ཐུན་མོང་མ་ཡིན་བའི་ཡུལ་གོམས་གཤིས་ལུགས་བཅས་ལ་ཉེས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་དམིགས་བསལ་ཟུར་བཅད་འབྲུ་དོན་ཀྱི་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་པའི་ཉེས་དམིགས་དང༌། བྱེད་སྤྱོད་་གཉིས་འབྲུ་དོན་མཚུངས་པའི་དོན་དངོས་ཀྱི་བདེན་དཔང་ནི།
ས་བཅད་གཉིས་པ། དོན་ཚན་དང་པོ། རྒྱ་ནག་གི་ཉེས་ཁྲིམས་ཀྱི་དམིགས་བསལ་གཏན་འབེབས་དང་འབྲེལ་ཡོད་ཀྱི་གཏན་འབེབས་འབྲུ་དོན་གཞིར་བཟུང་ལག་ལེན་དུ་མི་བསྒྲུབས་པ་ནི། ཁྲིམས་ལྟར་རང་སྐྱོང་གི་འཐུས་མིས་བསྒྲུབ་དགོས་པ་དང་འཐུས་མི་ཚོགས་ཆེན་གྱི་བསྒྲུབ་དགོས་པའི་ལས་འགན་གཙོ་བོའི་གནད་འགག་གཅིག་ནི། ཉེས་ཁྲིམས་ཀྱི་དོན་ཚན་དགུ་བཅུ་པའི་ནང༌། ཉེས་ཁྲིམས་འདིའི་ནང་འཁོད་གཏན་འབེབས་ཁག་ལས་མི་རིགས་རང་སྐྱོང་ས་གནས་སུ་ཇི་བཞིན་དུ་བེད་སྤྱོད་བྱས་ན་མི་འཚམས་པའི་རིགས་རང་སྐྱོང་ལྗོངས་སམ་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། བཅས་པའི་ཁྱད་ཆོས་དང་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་གཞི་རྩའི་རྩ་དོན་གཞིར་བཟུང་ནས་བབས་བསྟུན་བསྒྱུར་བཅོས་སམ་ཁ་གསབ་ཀྱི་གཏན་འབེབས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་དང་འབྲེལ་ཆོག་མཆན་ཞུས་རྗེས་ལག་བསྟར་བྱས་ཆོག་པའི་གཏན་འབེབས་བྱས་ཡོད་ཀྱང༌། འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལྟར་འཐུས་མིའི་འགན་འཁྲི་བསྒྲུབས་མེད་པ་དང༌། ཉེས་ཁྲིམས་ཀྱིས་དོན་ཚན་དགུ་བཅུ་པ་དེ་རྒྱང་རིང་དོན་སྙིང་གོ་བ་གཏིང་ཟབ་མི་ལོན་ཡང་ཐད་ཀར་མཐོང་སྣང་གི་བོད་མི་དམངས་ཀྱིས་ཆབ་སྲིད་ཁེ་དབང་སྲུང་སྐྱོང་འགན་ལེན་ཡང་བྱེད་ཐུབ་མེད། གོང་གསལ་གཏན་འབེབས་རྣམས་ལག་ལེན་དོན་འཁྱོལ་བྱས་པ་ཡིན་ཕྱིན། ཉེས་ཁྲིམས་ཀྱི་ལེའུ་དང་པོའི་ལས་འགན་དང་གཞི་རྩའི་རྩ་དོན་སྤྱད་འཐུས་ཀྱི་ཁོངས་མཚམས། དོན་ཚན་དྲུག་པའི། དུམ་བུ་དང་པོའི་གཏན་འབེབས་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་སུ་བྱས་ཉེས་བསགས་རིགས་ལ་བཅའ་ཁྲིམས་ནང་གཏན་འབེབས་དམིགས་བསལ་ཡོད་རིགས་ཕུད་པའི་དེ་དབྱིངས་ཚང་མར་ཁྲིམས་འདི་ཉིད་སྤྱད་འཐུས་ཀྱི་འབྲུ་དོན་དམིགས་བསལ་བཏོན་ཡོད། གོང་གསལ་གྱི་དོན་ཚན་དགུ་བཅུ་པ་དེ་ལག་ལེན་སྔོན་ཚུད་ནས་དམིགས་བསལ་གཏན་འབེབས་བྱུང་བ་ཡིན་ཕྱིན། འདས་ལོ་དང་འདི་ལོ་གཉིས་ཀྱི་མི་རིགས་ཐོབ་ཐང་བརྩོན་ལེན་བྱེད་མཁན་ལ་ཉེས་ཁྲིམས་ཀྱི་ཁྲིམས་ཆད་འགན་ཁུར་དགོས་དོན་མེད་པ་ཡིན།
གཉིས་པ། རྩ་ཁྲིམས་ནང་སྤྱི་དམངས་གཞི་རྩའི་ཁེ་དབང་འདི། རྩ་ཁྲིམས་དོན་ཚན་སོ་ལྔ་པའི་དང༌། དོན་ཚན་སོ་དྲུག་པའི། སྤྱི་དམངས་ལ་ཆོས་དད་ཇི་བྱེད་ཀྱི་རང་དབང་ཡོད་པ་དང་གནས་བབ་འདྲ་མཉམ་ཡིན་པ་ལས་མཐོང་ཆུང་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ། འདས་ལོ་བོད་ནང་་ཁྲོམ་སྐོར་དེ་ཚོ་ནི་རྩ་ཁྲིམས་བཞིན་བོད་མི་རིགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་ཞིག་ཡིན་པ་དང༌། རྒྱ་གཞུང་བཤད་མཁན་གྱི་བཤད་རྒྱུ་རྫོགས་དགོས་པ་དང༌། བོད་པ་ཉན་མཁན་གྱི་ཉན་རྒྱུ་རྫོགས་དགོས་པའི་དུས་ལ་སླེབས་པ་ཡིན། མི་རིགས་ཀྱི་ལུས་ཁམས་དང༌། རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་འབྱུང་མུས་ཀྱི་སྡུག་བསྔལ་མ་བཟོད་པར་ཉེན་ཁ་ལས་སྒྲོལ་ཆེད་དུ་ཉེན་སེལ་བྱ་སྤྱོད་ཛ་དྲག་མི་འཛིན་ཐུ་མེད་བྱུང་བའི་རྒྱུ་རྐྱེན་ཡིན།
ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ང་གཅིག་པའི་ནང༌། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་ནས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་ཕྲོགས་པ་དང༌། གྲངས་ཉུང་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་བཙན་གནོན་བྱས་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གཉིས་མན་ནམ་བཙན་ཉར་ལས་སྐུལ་གྱི་ཁྲིམས་ཆད་གཅོད་རྒྱུ་ཟེར་གཏན་འབེབས་བྱས་ཡོད་པ་རྣམས་ལག་ལེན་མི་བྱེད་པ་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་བདུན་པའི་གཏན་འབེབས་དཔང་བཞག་ཁས་བླངས་དམ་བཅའ་ཉམས་པ་དང་འགན་ཡལ་བར་དོར་བ། རབ་བྱུང་བཅུ་དྲུག་ས་མོ་ཕག་ལོ་ནས་བཟུང་བོད་རིགས་ཀྱིས་ཆོས་ལུགས་ལ་དད་པ་དང་ཡུལ་གོམས་གཤིས་ལུགས་སོགས་ལརྩ་འཛིན་བྱེད་རྒྱུའི་དམ་ཡིག་དང་འགལ་ནས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་གཏོང་བ་དང༌། བླ་སྤྲུལ་ངོས་འཛིན་ཐད་འོས་མེད་ཐེ་བྱུས་དང་བྱུས་མེད་བྱུས་ཁྲིད་ཀྱི་རྩ་ཁྲིམས་ཀྱིས་གཏན་འབེབས་དང་འགལ་ནས་བླ་སྤྲུལ་ངོས་འཛིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་ལས་འགལ་བའི་ཁྲིམས་འཆལ་དེ་ནི། གཞུང་ཉེས་དུས་མཚམས་མེད་པར་ཉེས་གསོག་ཉེས་བསག་བྱས་པ་ཆིངས་འགལ་སློག་དགོས་པའི་དུམ་མཚམས་འདིའི་འབྲུ་དོན་དང་འགལ་བ་ཡིན།
གསུམ་པ། འདས་ཟིན་པའི་ཉི་སྟོང་བརྒྱད་ལོའི་བོད་མི་རིགས་ཀྱི་གཏམ་བརྗོད་རང་དབང་གི་ཁྲོམ་སྐོར་བྱེད་མཁན་དམར་གསོད་བཏང་བ་མ་ཟད་སྐུ་ཕུང་ཡང་རྐུ་འཁྱེར་དང་ཕུང་པོར་གདུག་སྤྱོད་བྱས་པ་དེ་ཚོ་ནི། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་གཉིས་པའི་གཏན་འབེབས་ནང་ཕུང་པོ་རྐུ་འཁྱེར་དང་ཕུང་པོར་གདུག་སྤྱོད་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་དང་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཁྲིམས་ཆད་གཅོད་རྒྱུའི་གཏན་འབེབས་བྱས་ཡོད། རྒྱ་གཞུང་གི་དུམ་བུ་འདིའི་ཉེས་ཁྲིམས་ལས་འགལ་བའི་དཔང་རྟགས་ཀྱང་ངེས་འཕེར་བྱུང་ཡོད་པ་རེད།
བོད་མི་རིགས་ཀྱི་ཆབ་སྲིད་དང༌། རིག་གནས། ཆོས་རིགས་ཐོག་ནས་བཀག་ཉར་བྱས་པའི་བོད་མིར། རྒྱ་གཞུང་ནས་ལྟ་སྲུང་ཁང་ནང་ཉེས་རྡུང་ཚབས་ཆེ་བཏང་བ་དེ་ནི། ཆབ་སྲིད་ཀྱི་ཐོག་ནས་བཤད་ན་མི་རིགས་ལ་འཁོན་འཛིན་དང་མཐོང་ཆུང་བྱས་པ་དང༌། ཁྲིམས་ལུགས་ཀྱི་ཐོག་ནས་བཤད་ན། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཞེ་བརྒྱད་པའི་ནང་བཙོན་ཁང་དང༌། ལྟ་སྲུང་ཁང་སོགས་བཙོན་སྲུང་གིས་བཙོན་པ་རྣམས་ལ་ཉེས་རྡུང་བཏང་བའམ་ལུས་ཁྲིམས་གདུག་གཅོད་བྱས་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཁྲིམས་ཆད་གཅོད་རྒྱུ་དང༌། ཉེས་ཚབས་ལྷག་པར་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་ཁྲིམས་ཆད་གཅོད་རྒྱུ། མིའི་དབང་པོར་སྐྱོན་བཏང་བ་དང་ཤི་ཆད་བྱུང་རིགས་ལ་བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་སོ་བཞི་པ་དང་སོ་གཉིས་པའི་གཏན་འབེབས་ལྟར་བྱས་ཉེས་གཏན་འཁེལ་གྱིས་ཉེས་ཆད་གང་ལྕི་གཅོད་རྒྱུ། གོང་གསལ་དོན་ཚན་ངེས་བཟུང་དེ་གཉིས་ཀྱི་གཏན་འབེབས་གཞིར་བཟུང༌། རྐང་བཙུགས་ནས་མི་བསད་རིགས་ལ་སྲོག་ཁྲིམས་དང་ཚེ་བཙོན་ནམ་དུས་བཙོན་ལོ་བཅུ་ཡན་གྱི་ཁྲིམས་ཆད་གཅོད་རྒྱུ་དང༌། དོན་ཚན་སོ་བཞིའི། གཏན་འབེབས་ནང་སྐྱེ་བོ་གཞན་གྱི་མི་ལུས་ལ་རྐང་བཙུགས་ནས་གནོད་ཚེ་བཏང་རིགས་དང༌། ནང་གསེས་གོང་མའི་བྱས་ཉེས་བསགས་ནས་མིར་རྨས་སྐྱོན་ཚབས་ཆེ་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་ཁྲིམས་ཆད་གཅོད་རྒྱུ་དང༌། མི་བསད་པ་འམ་ཧ་ཅང་ཡ་ང་བའི་གཏུམ་སྤྱོད་ཀྱིས་མིར་རྨས་སྐྱོན་ཚབས་ཆེ་ཕོག་ནས་དབང་པོར་སྐྱོན་ཚབས་ཆེ་བཟོས་རིགས་ལ་དུས་བཙོན་ལོ་བཅུ་ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་གཅོད་རྒྱུའི་གཏན་འབེབས་བྱས་ཡོད་པས། གོང་གསལ་གྱི་ཉེས་དམིགས་དང་བྱེད་སྤྱོད་ཀྱི་རིགས་ནི། རྒྱ་ནག་སྲིད་གཞུང་དང་རྒྱ་ཁབ་ཀྱི་ལས་བྱས། ལས་འཛོལ་དང་འགན་འཛོལ་གྱི་བྱས་ཉེས་ཙམ་མིན་པར་རྐང་བཙུགས་ནས༌། ཉེས་དམིགས་དང་བྱེད་སྤྱོད་གཉིས་འབྲུ་དོན་མཚུངས་པའི་གནོད་སོགས་བྱས་པ་དེ་བོད་མི་རིགས་ཡོངས་ཀྱིས་མི་དམངས་ཀྱིས་མི་ལུས་དབང་ཆ་དང་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་རིགས་རྣམས་ཁྲིམས་ལུགས་ཀྱིས་འགན་འཁུར་དགོས།
བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གུན་གསབ་བཅའ་ཁྲིམས་ལས་གུན་གསབ་འཇལ་བའི་གོ་རིམ་དང༌། ཁྱབ་ཁོངས། ཟུར་འདོན་རགས་བསྡུས་ཞུས་པ་བཞིན། དོན་ཚན་བཅོ་ལྔ་པའི་གཏན་འབེབས་ལས། ཁྲིམས་ཁང་དང༌། ཞིབ་དཔྱོད་ཁང༌། ཉེན་ལྡོག་སྲིད་འཛིན་བཅས་ཀྱི་ལས་བྱས་བཟོས་པའི་ཉེས་དོན་གུན་གསབ་ནི། མྱུལ་ཞིབ་དང༌། ཞིབ་དཔྱོད། འདྲི་གཅོད། བཙོན་ཁང་བཅས་དོ་དམ་བྱེད་མཁན་ལས་ཁུངས་སམ་ཡང་ན་དེའི་ལས་བྱས་འགན་དབང་སྤྱོད་སྐབས་གཤམ་གསལ་གྱི་མི་ལུས་དབང་ཆར་བཙན་གནོད་བྱས་རིགས་ལ་བཙན་གནོད་ཕོག་མཁན་གྱིས་དེའི་ས་ནས་གུན་གསབ་ལེན་རྒྱུའི་དབང་ཆ་ཡོད། ༡ དོན་དངོས་ཀྱི་ཉེས་པ་བསགས་མེད་པའམ་ཡང་ན་ཉེས་གསོག་གི་དཔང་རྟགས་དངོས་མེད་པར་ཚབས་ཆེའི་ཉེས་གསོག་གི་དོགས་གཞིའི་མི་སྣར་བརྩིས་ཏེ་ནོར་འཁྲུལ་གྱིས་བཀག་ཉར་བྱས་རིགས། ༢ ཉེས་གསོག་གི་དཔང་རྟགས་དངོས་མེད་པར་ནོར་འཁྲུལ་གྱིས་འཛིན་བཟུང་བྱས་པའི་རིགས། ༣ འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་གཞིར་བཟུང་བསྐྱར་ཞིབ་བྱས་ནས་ནག་ཉེས་མེད་པའི་ཁྲིམས་ཐག་གཅད་རིགས་ལ་ཐོག་མའི་ཉེས་ཆད་དེ་གཅད་ཟིན་པ། ༤ ཚ་འདྲི་བཏང་སྟེ་ངོས་ལེན་ཞུ་རུ་བཅུག་པའམ་ཡང་ན་ཉེས་རྡུང་སོགས་གཏུམ་སྤྱོད་ཀྱིས་བྱེད་པའམ་ཡང་ན་མི་གཞན་ལ་ངན་བསླབ་བརྒྱབ་ནས་ཉེས་རྡུང་བཏང་བ་སོགས་གཏུམ་སྤྱོད་ཀྱི་བྱེད་པས་སྤྱི་དམངས་ཀྱི་ལུས་པོར་རྨས་སྐྱོན་བཏང་བའམ་ཡང་ན་ཤི་ཆད་བྱུང་རིགས། ༥ ཁྲིམས་འགལ་གྱིས་མཚོན་ཆ་དང༌། ཁྲིམས་ཆས་སྤྱད་དེ་སྤྱི་དམངས་ཀྱི་ལུས་པོར་རྨས་སྐྱོན་བཏང་བའམ་ཡང་ན་ཤི་ཆད་བྱུང་རིགས་བཅས། གོང་གསལ་གྱི་ཆ་རྐྱེན་ལྔ་ཡི་གནད་དོན་ནི་བོད་ནང་སྔར་ནས་ད་བར་གྲངས་མེད་དེ་ཆུ་ངན་ལམ་ཤོར་བཞིན་འབྱུང་མུས་ཀྱང་ཉེས་དོན་གུན་གསབ་ཞུ་གཏུག་བྱེད་མཁན་དང༌། གྱོད་གཞི་ཁྲ་སློག་བྱེད་མཁན་ནི་བརྒྱ་ཆ་བརྒྱ་ཡི་ནང་ནས་གྲངས་གཅིག་དང་གཉིས་ཡིན། མི་རིགས་ཀྱིས་བསམ་དོན་མྱུར་དུ་སྒྲུབ་པའི་ཆེད་གཏུགས་བཤེར་གྱི་དགེ་མཚན་བཞིན་དུས་རབས་ཀྱིས་དུས་སྐབས་ཁྱད་ཆོས་ལས། རྒྱ་གཞུང་གིས་བོད་མི་རིགས་ཀྱྀ་ཁེ་དབང་དང༌། རང་དབང་ལ་ཚོད་འཛིན་དང་གནོད་འཚེ་སོགས་ཚབས་ཆེ་བཏང་དང་གཏོང་བཞིན་པ་ནི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས་པའི་ཁྲིམས་ལུགས་འགྲོ་ལུགས་གོ་རིམ་བརྒྱུད་དགོས་པ་ནི། བོད་ཀྱི་བདེན་པ་དེ་བླ་ན་མ་མཆིས་པ་ཞིག་ཡིན་ཡང༌། ཁྲིམས་ཀྱི་ཐོག་ནས་དོན་སྣ་རྩེར་ཕོག་པའི་འགྲོ་ལུགས་གཞུང་འཛུགས་དགོས་པ་ནི་གལ་ཆེ་ཡིན།
དམིགས་བསལ་མི་རིགས་ས་ཁོངས་རང་སྲིད་རང་སྐྱོང་ཁྲིམས་ལུགས་ལས་མན་ངག་བརྩོན་ལེན།
ས་བཅད་གསུམ་པ། དོན་ཚན་ལྔ་པ། ཁྲིམས་ལུགས་ཀྱི་བོད་གཞུང་བཅོས་སྒྲིག་དང་བསྲུང་སྐྱོབ་དག་ཐེར་བྱས་ནས་སྲིད་ཇུས་དང་འཐབ་ཇུས་དམིགས་ཚད་གཏན་འཁེལ་བཟུང་ནས། སྲིད་འཛིན་གཏུག་བཤེར་བྱས་པའི་འདྲི་གཅོད་དང་འདྲི་གཅོད་ལྟ་སྐུལ་ཁྱད་ཆོས་ཀྱི་གོ་དོན་ནི། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཕྱོགས་སྟོན་ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་འཛིན་ལས་ཁུངས་ནས། ནང་སྲིད་ཐད་ཀྱི་སྲིད་འཛིན་གྱི་བཀའ་དམ་པའི་གྲོས་ཐག་གཅོད་པའི་དབང་ཚད་ལྡན་མེད་པ་ནི་བོད་ཀྱི་གནད་དོན་དེ་ཡིན། ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་ཟུར་དུ་ཡོད་པ་བོད་ཀྱི་གནད་དོན་དེ་ཡིན། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་གསུམ་པའི་གཏན་འབེབས་ལ་གཞིགས་ན། གཅིག་བསྒྲིལ་གྱི་འགོ་ཁྲིད་དང་མི་རིགས་ས་གནས་རང་སྐྱོང་དབང་ཚད་ཁག་གཉིས་སུ་བཏོན་ཡོད། དེ་ཕྱི་སྲིད་ཀྱི་གཅིག་བསྒྲིལ་དང་ནང་སྲིད་ཀྱི་མི་རིགས་ས་གནས་རང་སྲིད་རང་སྐྱོང་རྣམ་གཞག་དང་སྲིད་དབང་ཚད་གཞིའི་རྣམ་དབྱེ་དགོས་པ་ཡིན། སྤྱི་ལོ་༡༩༥༩ ལོའི་ཟླ་ ༣ ཚེས་ ༢༨ ཉིན་དབང་ཆ་ཚད་ནས་བརྒལ་བ་དང་དབང་ཆ་གང་བྱུང་དུ་བེད་སྤྱོད་བྱེད་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ཀྲའུ་ཨེན་ལན་ནས་ཆུ་ངན་ལམ་ཤོར་གྱི་སྲིད་འཛིན་བཀའ་ཆད་ཐེངས་དང་པོ་དེ་ཡིན། གྲོས་མཐུན་དོན་ཚན་བཅུ་བདུན་སྲིད་འཛིན་གོ་རིམ་ས་བཅད་འདིའི་རྒྱ་གཞུང་ནས་གཏན་འབེབས་ཟུར་དུ་བྱས་པ་རྣམས་ལག་ལེན་ཡང་དག་མི་བྱུང་པར་ཆིངས་འགལ་སྤྲོད་དགོས་པ་དང༌། ཁྲིམས་ལུགས་ཀྱིས་གཏན་འབེབས་བཞིན་དུས་ཚོད་ཁ་གསབ་ཕྱིར་སྤྲོད་བྱས་ནས་བསྐྱར་དུ་སྲིད་འཛིན་ལས་རིམ་བྱ་སྤྱོད་སྤེལ་དགོས་པ་དང༌། ད་ལྟའི་བོད་མི་རིགས་ས་ཁོངས་རང་སྐྱོང་གི་བཀོད་བསྒྲིགས་དེ་རྗེས་བསྒྲུབ་དང་དངོས་མིང་གི་དབང་ཚད་ལྡན་མེད་པ། གོང་རིམ་སྲིད་འཛིན་ལས་ཁུངས་ནས། དབང་ཆ་ཚད་ནས་བརྒལ་བའི་མི་རིགས་ལ་བཀའ་རྒྱ་ཟུར་བཅད་གཏོང་བ་དེ་སྲིད་འཛིན་གྱི་གཏུག་བཤེར་བྱེད་པའི་ཆ་རྐྱེན་ཡིན། རྩ་ཁྲིམས་དང་བཅའ་ཁྲིམས་ནང་ཁ་གསལ་བཀོད་ཡོད་ཀྱང༌། སྲིད་ཇུས་ནང་གཏན་འབེབས་ནང་ཁ་གསལ་འཁོད་མེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ནང་མི་རིགས་ལ་དབང་ཆ་དང་དབང་ཆའི་ཁྱད་ཆོས་འགྲོ་ལུགས་གོ་རིམ་གསལ་པོ་འཁོད་ཀྱང། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལག་ལྟར་བྱས་མེད་པ་དང་བཟུང་བའི་བཟོ་ལྟ་ཙམ་མེད་པ་ཡིན། ངན་སེམས་འགྱུར་མེད་ཀྱིས་ཆབ་སྲིད་ལྡོག་ཕྱོགས་སུ་ཁྲིད་ནས་དཔལ་ཡོན་གཉིས་འཛུགས་སྐྲུན་གྱི་ལས་འཛོལ་གཡོ་ཐབས་ཏེ་ཡོན་ཏན་དུ་འཛིན་ནས། བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་རྩ་མེད་གཏོང་བ་དང༌། ནང་སྲིད་ཀྱི་ཁོངས་སུ་གཏོགས་པའི་བྱ་རིམ་མཐའ་བདག་ཁྲིམས་ལུགས་ཀྱི་ཡུན་ཚད་ནང་ཐག་གཅོད་བྱེད་པའི་གཏན་འབེབས་ལག་ལེན་མ་བྱས་པར་དུས་འགྱངས་ཁོ་ན་བྱས་པ་དང༌། ལག་ལེན་བྱས་ཀྱང་ཡང་དག་བྱས་མེད་པ། དོན་དངོས་ཁ་གསལ་ཡིན་རུང་རབ་རིབ་བཟོ་བ། ཁྲིམས་ལུགས་ལས་འགལ་བའི་དབང་ཆ་གང་བྱུང་དུ་སྤྱོད་པ་དང་ཚད་ལས་འགལ་བའི་སྐྱེ་བོ་གཞན་དང་མི་རིགས་གཞན་ལ་དམའ་འབེབས་གཏོང་བ་དང་བག་ཆགས་ངན་པ་བཟོ་རྩིས་དང་ཡང་ན་བཟོ་བ་རྣམས་ཉེས་དམིགས་དང་བྱེད་སྤྱོད་གཉིས་འབྲུ་དོན་མཚུངས། བོད་མི་རིགས་ཀྱིས་མི་ལུས་ཁེ་དབང་དང་རང་དབང་ལ་བཙན་གནོན་བྱས་ཚེ་སྲིད་འཛིན་ཞུ་གཏུགས་བྱེད་པའི་དབང་ཆ་ཡོད། དབང་ཆ་དེ་ང་ཚོའི་བཙན་བྱོལ་བོད་གཞུང་ལ་ཡང་རྒྱ་ནག་གི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་བདུན་ཅུ་པ་དང༌། དོན་གཅིག་པའི་གཏན་འབེབས་བཞིན་ཞུ་གཏུགས་བྱས་ཆོག་པ་ནི། ཕྱི་ནང་སུ་་ཡིན་རུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལྟར་གཏུག་བཤེར་དབང་ཆ་འདྲ་མཉམ་ཡིན། དོན་ཚན་དུན་གསུམ་ནང་ཁྲིམས་རྩོད་པ་མངག་བཅོལ་བྱེད་དགོས་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་རྩོད་པ་ཚན་པའི་ཁྲིམས་རྩོད་པ་མངག་བཅོལ་བྱེད་དགོས་པའི་འབྲུ་དོན་ཡོད་པ༌། ཁྲིམས་ཁང་ནས་སྲིད་འཛིན་ལས་་ཁུངས་ལ་དུས་བཀག་ནང་ཁྲིམས་ལུགས་ལག་ལེན་བྱེད་དགོས་པའི་བཅད་ཁྲ་གཏོང་བའི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ནང་གསལ་པོར་འཁོད་ཡོད། ཁྲིམས་ཁང་ནི་མཐར་ཐུག་གི་ཐག་གཅོད་བྱེད་མཁན་གྱི་ལམ་སྒོའི་གོ་རིམ་ཞིག་ཡིན་ཡང༌། སྲིད་འཛིན་གཏུག་བཤེར་གྱི་བྱ་རིམ་ནང་དམིགས་བསལ་གཅིག་ཡོད་པ་ནི། སྲིད་གཞུང་དང་སྲིད་གཞུང་རིམ་པའི་ནང་སྲིད་ཁྱབ་ཁོངས་དང༌། མི་དམངས་དང་སྲིད་གཞུང་བར་གྱི་གྱོད་གཞི་དང་དམངས་སྲིད་གྱོད་གཞི་སོགས་ཁྱབ་ཁོངས་ཀྱི་འབྲེལ་གཏུག་གྲོས་མོལ་ཐག་གཅོད་བྱེད་མ་ཐུབ་པ་དང༌། སྲིད་འཛིན་ལས་ཁུངས་མི་སྣས་གཞུང་འབྲེལ་བྱ་བ་ཐལ་བྱ་ནོར་འཁྲུལ་ཡོད་པའི་རིགས་སྲིད་འཛིན་ཞུ་གཏུག་ཁོངས་སུ་གཏོགས་པ་དང༌། སྲིད་གཞུང་རིམ་ཁག་གི་ཆད་གཅོད་རིགས་ཡང་དག་བྱུང་མེད་པ། ཁྲིམས་མཐུན་གྱི་གཞི་འཛིན་ས་ཟུར་དུ་གཏན་འབེབས་ཡོད་པ། མི་ལུས་རང་དབང་དང་ཁེ་དབང་ལ་བཙན་གནོད་ཕོག་པ། ཁྲིམས་སུ་བཀོད་པའི་རང་དབང་དང་ཁེ་དབང་བཅས་ལ་ལས་གཉེར་གྱི་འགྲོ་ལུགས་ལ་ཆོག་མཆན་མི་སྤྲོད་པ། མི་རིགས་ལ་རྩ་ཁྲིམས་དང༌། བཅའ་ཁྲིམས། ཟུར་བཅད་ཀྱི་དམིགས་བསལ་གཏན་འབེབས་བཞིན་མི་རིགས་ས་གནས་རང་སྲིད་རང་སྐྱོང་གི་དོན་བཞིན་རྣམ་གཞག་ཚད་ལྡན་གྱི་ཆོག་མཆན་མི་སྤྲོད་པ་དང་ལག་ལེན་མི་བྱེད་པ་སྟེ། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་གསུམ་པའི་གཏན་འབེབས་དེ་ཁྲིམས་ཁང་དང་སྲིད་འཛིན་ནས་ལག་བསྟར་དང་ལག་ལེན་བྱེད་དགོས་པའི་གཏུག་བཤེར་དང་འདྲི་་གཅོད་གོ་རིམ་ནས་གཏན་འབེབས་བྱས་ཡོད། རྒྱ་གཞུང་ནས་བོད་དེ་མ་ཡིན་ཡིན་མདོག་གིས་རྒྱ་ནག་གི་མངའ་ཁོངས་སུ་ཡིན་ཚུལ་བཤད་པ་དེ་ཁྲིམས་ཀྱིས་ཁྱབ་ཁོངས་སུ་གཏུག་བཤེར་འདྲ་མཉམ་དང་གནས་བབ་འདྲ་མཉམ་ལོས་བདེན་ཡིན། དེ་ཡང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་བདུན་པ་དང༌། དོན་གཅིག་པ། དོན་གཉིས་པ། དོན་གསུམ་པའི་གཏན་འབེབས་བཞིན་ཕྱི་ནང་གཉིས་ཀྱི་གཞི་འཛིན་སའི་འབྲུ་དོན་ཡོད་པ་ཡིན། ད་ལྟའི་སྐབས་སུ་བབ་པའི་རྒྱ་བོད་གཉིས་ཀྱིས་སྲིད་ཇུས་ལ་གཞིག་ནས། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཆ་ཚང་ངམ་ཡང་ན་ཆ་ཤས་ཤིག་གྱོད་གཞིར་བཙུགས་ནས་ཁ་མཆུའི་གཞུང་གཤག་ནས་གཞུང་གཏུགས་ཀྱི་དཔང་རྟགས་འཕེར་པོ་དེ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡིན། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ནི་ཁྲིམས་དང་མི་མཐུན་པའི་དོན་ཚན་བཅུ་བདུན་ཡིན་པས་དེ་གྱོད་གཞིར་བཙུགས་དགོས་པའི་རྒྱུ་མཚན་ལས། གཅིག་ནི། གྲོས་མཐུན་དོན་ཚན་དང་པོའི་གོ་དོན་དང་ཧོང་ཀོང་ ༡༩༨༤ ལོའི་ཟླ ༡༢ ཚེས་ ༡༩ ཉིན་རྒྱ་ནག་ལ་ཕྱིར་ལོག་བྱེད་པའི་གྲོས་མཐུན་དེ་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་སོ་གཅིག་པའི་དུམ་བུ་དང་པོའི་གཏན་འབེབས་བེད་སྤྱོད་བྱས་ཡོད། རྒྱ་བོད་གྲོས་མཐུན་དང༌། རྒྱ་དབྱིན་གྲོས་མཐུན་བར་གནས་བབ་འདྲ་མཉམ་ཡིན།་ སྲིད་འབྲེལ་དང་ཁྲིམས་འབྲེལ་ངོས་འཛིན་ལྡང་ངེས་ཐུབ་པའི་ཡིག་ཆའི་དཔང་རྟགས་དང་དོན་དངོས་ཀྱི་དཔང་རྟགས་ཁུངས་བཙན་གྱི་གོ་དོན་ཡོངས་སུ་ཚང་ཡོད། དོན་ཚན་བཞི་པའི། བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བསྒྱུར་བཅོས་མི་བྱེད་པར། ྋགོང་ས་མཆོག་ལུགས་གཉིས་ཆབ་སྲིད་ཀྱི་སྐུ་དབང་དེ་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད་པའི་འབྲུ་དོན་འགྱུར་བ་མེད་པ་གསལ་པོར་བཀོད་ཡོད་པ་དེ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡིན། གན་རྒྱ་ཆ་ཚང་ངམ་ཡང་ན་ཆ་ཤས་གན་རྒྱའི་བཅའ་ཁྲིམས་དང་མི་མཐུན་པ་ཡིན་ཕྱིན་རྩིས་མེད་གཏོང་བ་དང་ཆིངས་འགལ་སྤྲོད་པའི་གཏན་འབེབས་བྱས་ཡོད། ཆབ་སྲིད་གཉིས་ཀྱི་གོ་རིམ་བརྒྱུད་པའི་དཔང་རྟགས་དངོས་བསྟན་ཡིན་མིན། ལོ་རྒྱུས་ཀྱི་དོན་དངོས་དང་སྲིད་འཛིན་གྱི་བྱ་རིམ་གཉིས་ཁྲིམས་བཞིན་འགྲོ་ཐུབ་ཡོད་མེད་དངོས་གཞི་ར་སྤྲོད་ཀྱིས་ཁྲིམས་སྦྱོར་བྱེད་དགོས་པ་ཡིན། དོན་དངོས་ནས་བཤད་ན་བོད་གཞུང་དགའ་ལྡན་ཕོ་བྲང་གཞུང་དེ་སུས་བཙུགས་པ་རེད། འཕགས་མཆོག་བྱང་ཆུབ་སེམས་པ་ཆེན་པོ་ནས་རླབས་ཆེན་གྱི་གཙོ་འཛིན་སློབ་དཔོན་གནང་བའི་ལོ་༣༦༦།ལོ་རྒྱུས་ལ་གྲགས་པའི་འགན་ཁུར་གནང་བ་དེ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་དང་གཞི་འཛིན་ས་ཡོད་པ་ཡིན། ད་ལྟ་དང་འབྱུང་འགྱུར་བསྒྱུར་བཅོས་ཀྱི་ཁ་ཕྱོགས་ནི་ྋགོང་ས་མཆོག་གི་སྐུ་དབང་ཡིན་པ་ལོ་རྒྱུས་ཀྱི་ཡིག་དཔང་དང་དངོས་དཔང་གཉིས་ནས་ཐག་གཅོད་བྱས་ཡོད། ད་ལྟའི་དུས་སུ་བོད་མི་དམངས་ཀྱིས་མགྲིན་ཚབ་སྐུ་དབང་ཡོད་མེད་དེ་ནི། འདིའི་ནང་རྒྱ་གཞུང་གིས་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱིས་བོད་མི་རིགས་དེ་རྒྱུན་བསྲིང་ནས་རྩ་མེད་བཟོ་བའི་རྒྱབ་ལྗོངས་ཀྱི་འཆར་གཞི་དང་དམིགས་ཡུལ་ངེས་ཅན་འགེབས་རིགས་བྱས་པའི་ཉེས་སྤྱོད་ཡོད་པ་དང༌། སྔ་སོར་ངོས་འཛིན་བྱས་པའི་གྲོས་མཐུན་དེའི་དོན་དངོས་གནས་ཚུལ་ལ་ནོར་འཛོལ་ཡོད་པ་དཔང་རྟགས་གསར་པས་ཁུངས་སྐྱེལ་ར་སྤྲོད་ཐུབ་པས་སྔ་སོར་གྱི་གྲོས་མཐུན་རྩིས་མེད་དུ་གཏོང་ཐུབ་པ། གྲོས་མཐུན་འཇོག་སྐབས་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་དབང་བའི་ཁྲིམས་མཐུན་དབང་ཆ་བཙན་འཕྲོག་བྱས་པ་དང་ཚོད་འཛིན་ཕོག་པར་བརྟེན་ནས་དྲང་བདེན་གྱི་གན་རྒྱའི་རྣམ་གཞག་ཡོད་པ་ཞིག་བྱུང་མེད། ཁྲིམས་དང་མི་མཐུན་པའི་དཔང་རྟགས་གསར་པ་གཅིག་ནི། དང་པོ། རྣམ་གཞག་གི་གོ་དོན་ལས། གན་རྒྱ་དང་ཆིངས་ཡིག་ཁྲིམས་མཐུན་གྱི་ཚད་གཞི་དགོས་པའི་ཡུན་ཚད་གཏན་འབེབས་ཁ་གསལ་དགོས་པ་དང༌། ཡིན་ཡང་དེའི་ནང་པཎ་ཆེན་རིན་པོ་ཆེའི་ཆབ་སྲིད་གནས་བབ་དེ་ནི། ལུགས་གཉིས་ཡོད་པ་ཡིན། གཅིག་ནི། ཁྲིམས་བཀོད་སྒེར་གྱི་ཆབ་སྲིད་དབང་ཆ་མི་དམངས་ཡོངས་ལ་འདྲ་མཉམ་དང༌། གཉིས་ནི། བོད་གཞུང་ཆབ་སྲིད་ཀྱི་སྲིད་དབང་དེ་ནི། ྋགོང་ས་སྐྱབས་མགོན་ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་ནས། ༡༩༣༠ ལོར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་ཕྱག་བྲིས་བཀའ་གསལ་བསྩལ་བའི་དོན་ཚན་བརྒྱད་འཁོད་པའི་ནང་དོན་ཚན་ལྔ་པའི་ནང་བོད་གཞུང་གི་ཆབ་སྲིད་སྲིད་དབང་ལོ་རྒྱུས་ནང་འབྲེལ་བ་ཡོད་མེད། ༡༩༣༠ ཟླ་ ༤ ཚེས་ ༡༥ ཉིན་གསལ་ཞིང་གསལ་བའི་ཡོངས་ཁྱབ་ཀྱི་གཞུང་འབྲེལ་བཀའ་ཁྱབ་བསྩལ་བའི་ནང༌། ཆོས་སྲིད་གཉིས་ཀྱི་སྲིད་ཁྲིམས་མངའ་བདག་ལོ་རྒྱུས་གསལ་པོར་གསུངས་ཡོད། འབྱུང་འགྱུར་ས་གནས་མི་རིགས་རང་སྲིད་རང་སྐྱོང་དམངས་གཙོའི་གཞི་འདིང་གི་ཁ་ཕྱོགས་ཡིན། རྒྱ་གཞུང་གི་ཆ་བཞག་བྱེད་པའི་སྡེ་སྲིད་ཕོ་ལྷས་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་བཅའ་ཁྲིམས་ལུང་དྲངས་ནས་མཚོ་སྔོན་ཧོར་གྲ་ནག་བཞི་ཡན་བོད་གཞུང་ལ་བཅའ་ཁྲལ་འབུལ་གྱི་ཡོད་ཀྱང་སྐབས་ཤིག་རིང་བར་ཆད་སོགས་ཀྱི་འཇལ་བསྒྲུབས་བྱུང་མེད་པས། བོད་གཞུང་ནས་ཆད་གཅོད་རྟ་རྒོད་མོ་ལྔ་བཅུ་འབུལ་དགོས་པའི་ཁྲུན་གཅོད་ཀྱི་ལུང་སོགས་དྲངས་ཡོད།
དྲུག་པ། རྒྱ་བོད་གཉིས་སྤྱི་ལོ་ ༡༩༥༡ ལོའི་ཟླ་བ་ ༥ ཚེས་ ༢༣ ཉིན། གྲོས་མཐུན་དོན་ཚན་བཅུ་བདུན་དེའི། དོན་ཚན་དང་པོའི་ནང༌། བོད་ཀྱི་མི་དམངས་རྣམས་མཐུན་བསྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་དགོས།
༡ ༢༠༠༤ ལོའི་རྒྱ་གཞུང་གི་ཡིག་ཆ་དཀར་པོའི་ནང། བོད་ནི་ཧོང་ཀོང་དང་ཨའོ་མན་གྱི་གནས་ཚུལ་དང་གཏན་ནས་མི་འདྲ། ཧོང་ཀོང་དང་ཨའོ་མན་གྱི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ཀྱི་ཀྲུང་གོར་བཙན་འཛུལ་བྱས་པ་ལས་བྱུང་བའི་གནད་དོན་དང་ཀྲུང་གོས་བདག་དབང་སླར་གསོ་བྱེད་པའི་གནད་དོན་ཡིན། བོད་ནི་གནའ་བོའིདུས་ནས་ཁ་ཕྲལ་དུ་མི་རུང་བའི་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང༌། ཀྲུང་དབྱང་སྲིད་གཞུང་ནས་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ལ་བདག་དབང་གི་བདག་སྐྱོང་ནུས་ལྡན་བྱེད་བཞིན་ཡོད་པས་བདག་དབང་སླར་གསོ་བྱ་རྒྱུའི་གནད་དོན་མེད་ཟེར་བྲིས་པའི་ལྡོག་གཏུག་གི་ལན་དེ་ནི་རྒྱུ་མཚན་མེད་པ་རང་རེད།
༢ ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས། གོང་མ་ཆིང་ལུང་ཁྲི་ལོ་ ༥༦ མཇལ་འཕྲད་སྐབས་ཀྱི་བཀའ་རྗེན་དང༌། གླིང་ཁང་ཡ་མོན་གྱི་ཐམ་འབྱར་ལྦང་དོན་ལ། ཏཱ་ལའི་བླ་མའི་ཆབ་སྲིད་ནུབ་ཕྱོགས་སུ་ཡོད་ཅིང། དེ་དག་སྔར་བཞིན་རྒྱས་ཐབས་དགོས། ཞེས་འཁོད་ཡོད་པ་དེ་རྒྱ་ནག་རྒྱལ་རབས་གྱིས་ཡིག་ངག་དཔང་ཡིག་དངོས་བསྟན་དེ་བོད་གཞུང་གི་དོན་དངོས་དང་ར་སྤྲོད་བྱུང་བ་ཡིན་པར་གྲགས།
་ ༣ བལ་ཡུལ་གཞུང་དང་བོད་གཞུང་བར་གྱི་ཆིངས་ཡིག་གྲོས་མཐུན་ཐོག་དཔང་རྟགས་ལས་བལ་ཡུལ་གཞུང་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པའི་ངོས་ལེན་གྱི་དཔང་རྟགས་གཏན་འཁེལ་བྱས་པ་སྟེ། བོད་གཞུང་དེ་ཡང་རྟགས་མཚུངས་དང༌། དུས་མཚུངས་ཀྱི་རང་བཙན་ངོས་འཛིན་དུས་ཅིག་ཅར་དགོས་པ་ཡིན་པས། འདིའི་དཔང་རྟགས་སྒྲུབ་བྱེད་དངོས་ཤུགས་གཉིས་ཀྱིས་ར་སྤྲོད་བྱས་ཡོད།
༤ བོད་དེ་རྒྱ་ནག་གི་མངའ་ཁོངས་མིན་པ་དོན་དངོས་ནས་ར་སྤྲོད་བྱས་ཡོད་པ་རེད། ལོ་རྒྱུས་བཟོ་བཅོས་བྱས་རུང་མི་བྱས་རུང་དོན་དངོས་ཀྱི་དཔང་རྟགས་དེ་གཙོ་བོ་ཡིན་པ་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པའི་འགྲེལ་ཆེན་གྱི་ཡིག་ཆ་དོན་ཚན་སུམ་ཅུ་པའི་ནང༌། དོན་དངོས་ཀྱི་དཔང་རྟགས་དེ་གཙོ་བོ་འཛིན་དགོས་པ་དང་རྩ་འཛིན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
་ ༥ ཡིག་ཆ་དཀར་པོའི་མཇུག་སྡོམ་ནང༌། བོད་ལྗོངས་མི་རིགས་ཀྱི་ས་ཁོངས་རང་སྐྱོང་ནི་་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་གྲབས་འཛུགས་བྱེད་རོགས་ལ་བཞུགས་མྱོང་བ་དེ་རེད། ལན་དེ་ནི་ཁྲིམས་ལུགས་ཀྱི་གནས་ལུགས་གོ་དོན་མི་ཤེས་པའི་མི་དམངས་ཚོར་མགོ་བསྐོར་གཏོང་ཆེད་ཀྱི་སྒྲུང་གཏམ་དང༌། ཡོན་ཏན་མེད་རྣམས་ཡོན་ཏན་ཅན་ལ་སྡང་ཟེར་བའི་གཏམ་དཔེ་བཞིན་གཏམ་འཆལ་ལོག་སྨྲ་དེ་རང་དཔེ་གཞན་སྟོན་བྱས་པ་རང་རེད། གཏམ་དེར་ལན་ས་བཅད་འདིའི་ནང་གསལ་པོ་བརྒྱབ་ཡོད་པ་དང་སྔོན་མའི་དཔྱད་རྩོམ་ནང་ལ་ཡང་བྲིས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་རེ་བདུན་པ་དང༌། གྱ་གཅིག་པའི་གཏན་འབེབས་ཆ་རྐྱེན་དང་གནས་བབ་འདྲ་མཉམ་གྱི་དངོས་ཤུགས་གཉིས་ཀྱི་དཔང་རྟགས་འབྲུ་དོན་མཚུངས། དེ་ནི་སྲིད་འཛིན་གཉིས་གྱིས་གནས་བབ་འདྲ་མཉམ་ཡིན། ཆིངས་ཡིག་དང་གྲོས་མཐུན་ལས། ཆོག་མཆན་རྣམས། རྩིས་མེད་གཏོང་རྒྱུའི་ཆ་རྐྱེན། དམག་དང་མུ་གེ་བྱུང་བ་དང༌། འབྱུང་བཞིའི་གནོད་པ་ཅི་རིགས་བྱུང་བ་རིགས་ལ་གོང་གསལ་ཆ་རྐྱེན་རྣམ་རྩིས་མེད་གཏོང་ཆོག་པ་དང༌། དེ་དེ་བཞིན་ཁྲིམས་ཁང་གི་བཅད་ཁྲ་དང༌། ཁྲུན་ཁྲ། ཁྲུན་འདུམ། ཁྲུན་བཅད། བཀའ་བཅད་རྣམས་ཀྱང་ལག་ལེན་སྟར་དགོས་ཀྱི་མེད། དམག་གི་བཙན་འཛུལ་དང་མུ་གེ་ནི། ༡༩༥༨ ལོ་དང༌། ༡༩༥༩ ལོ་ཡོངས་སུ་གྲགས་པ་དང༌། ༡༩༦༠ ལོ་ནས་བསྐྱར་ཞིབ་ལས་འགུལ་ལོ། ༥ དང༌། ༡༩༦༥ ནས་རིག་གནས་གསར་བརྗེའི་ལས་འགུལ་ལོ་བཅུ་ཁྱོན་སྡོམ། ༡༩༥༦ ལོ་ནས་ལོ་ཉི་ཤུ་ཙམ་དམག་དང་མུ་གེའི་བཀྲེས་སྐོམ་མྱངས་པའི་སྡུག་བསྔལ་ནི་ཡོངས་སུ་གྲགས་པ་དང༌།
བདུན་པ། ཆོས་རྒྱལ་བཀའ་དྲིན་ཅན་མེས་དཔོན་རྣམ་གསུམ་གྱིས་བོད་རྒྱའི་ཆིངས་ཡིག་རྡོ་རིང་དེ་ཚོའི་ནང་ལོ་ངོ་སྟོང་ཕྲག་གི་ཕྱོགས་གཉིས་ཆིངས་ཡིག་དང་ས་ཡིག་བཀོད་ནས་ཡོད་པས་དེ་ད་ལྟ་ལོ་ངོ་སྟོང་ཕྲག་གཅིག་སྟོང་ཉི་བརྒྱ་ཙམ་ལས་ཕྱིན་མེད། དེ་ཟུར་དུ་བཞག་ནས་ཡིག་ཆ་དཀར་པོའི་ནང༌། སྤྱི་ལོའི་དུས་རབས་ ༡༣ པའི་རྗེས་བོད་ལྗོངས་འདི་ཉིད་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་གྱུར་ཞིང་ཟེར་བའི་རྒྱུ་མཚན་དེ་རྒྱུ་མཚན་དུ་སྒྲུབ་མི་ཐུབ་པ་ཡིན། སོག་པོ་ཆིང་གེ་སི་ཁང་ལ་བོད་དེ་བྱུང་བའི་འབྱུང་ཁུངས་ཀྱི་རྣམ་དབྱེ་བསྟན་རྒྱུ་མེད་པས། དེ་ནི་རྐུན་མའི་ལག་ནས་ཇག་པས་འཕྲོག་ཟེར་བའི་དཔེ་ལྟར་རེད།
ྋགོང་ས་ལྔ་པ་ཆེན་པོའི་ངོས་འཛིན་དང་མཚན་གནང་མཁན་ནི་་པཎ་ཆེན་སྐུ་ཕྲེང་བཞི་པ་ཡིན་པ་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་དེ། ྋགོ་ས་ལྔ་པ་ཆེན་པོ་ནས་འཛུགས་གནང་མཛད་པའི་ལོ་ངོ་གསུམ་གྱ་དྲུག་ཅུ་རེ་དྲུག་ཕྱིན་པའི་དོན་དངོས་ཀྱི་ཁྲིམས་མཐུན་གཞུང་ངོ་མ་དེ་ཡིན། དེ་དོན་དངོས་ཀྱི་དཔང་རྟགས་ནས་ར་སྤྲོད་བྱས་ཡོད།
འདིའི་ར་སྤྲོད་ཁུངས་བཙན་གྱི་དོན་དངོས་དཔང་རྟགས་ ༡༦༥༢ ལོར་ྋགོང་ས་ལྔ་པ་ཆེན་པོ་པེ་ཅིན་དུ་ཆིབས་སྒྱུར་གནང་བ་དང༌། ༡༦༦༨ ལོར་པེ་ཅིན་ནས་མན་ཇུ་གོང་མ་ཁང་ཤིས་སྐུ་ཚབ་ཆེད་གཉེར་གྱི་སྙན་ཞུ་ཕུལ་ནས། བོད་དང༌། སོག་པོའི་དམག་དཔུང་གི་རྒྱབ་སྐྱོར་རོགས་རམ་ཡོང་བ་ཞེས་རེ་འདོན་ཞུས་ཡོད་ཀྱང༌། འདི་ལ་ྋགོང་ས་ལྔ་པ་ཆེན་པོ་ནི། བོད་སོག་ཡུལ་གྲུ་གཉིས་ནང་མཛུབ་མོས་གང་བྱས་ཤར་ཡིན་རུང་དེའི་ཐད་དགོངས་བཞེས་གནང་མེད། དེ་ཡི་མཚོན་རྟགས་ནི་བོད་འདི་རྒྱ་ནག་གི་མངའ་ཁོངས་མིན་པ་དང༌། དེ་ཡི་བདག་སྐྱོང་ནུས་ལྡན་བྱེད་བཞིན་ཡོད་ཟེར་བའི་རྫུན་གཏམ་དེ་རྒྱུ་མཚན་དུ་མི་བསྒྲུབ་པ་རང་རེད།
བརྒྱད་པ། རྒྱ་ནག་གི་རྩ་ཁྲིམས་ས་བཅད་དང་པོའི༌། དོན་ཚན་རེ་གཉིས་པའི་དོན་ཆུང་གཉིས་པའི་གཏན་འབེབས་དང༌། དོན་ཚན་རེ་བདུན་པའི་དོན་ཆུང་དང་པོའི་གཏན་འབེབས་ནང༌། རྩ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུ་དང༌། རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་ལག་ལེན་གཏན་འབེབས་འཁོད་ཡོད་པ་འདི་ལག་ལེན་བྱེད་དགོས། དོན་ཆུང་བཅུ་གསུམ་པའི་གཏན་འབེབས། དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་འཛུགས་རྒྱུ་དང་དེའི་ལམ་ལུགས་གཏན་འབེབས་བྱ་རྒྱུ། དོན་ཚན་འདིའི་ནང་གསེས་གོང་འོག་ཚིག་དོན་རྣམས་འཐུས་ཚང་ལེགས་བསྒྲིགས་སྒོ་ནས་ལག་ལེན་བསྟར་དགོས། དོན་ཚན་སོ་གཅིག་པའི་ནང༌། རྒྱལ་ཁབ་ཀྱིས་སྐབས་བསྟུན་དགོས་གལ་གྱི་མཚམས་སུ་དམིགས་བསལ་གྱི་ས་ཁུལ་འཛུགས་དགོས། དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་དུ་ལག་བསྟར་བྱ་རྒྱུའི་ལམ་ལུགས་ནི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནས་བཅའ་ཁྲིམས་ཀྱི་ཐོག་གཏན་འབེབས་བྱ་རྒྱུ་འཁོད་ཡོད། ས་བཅད་གསུམ་པའི་དོན་ཚན་གྱ་བརྒྱད་པའི་དོན་ཆུང་བཅོ་ལྔ་པའི་གཏན་འབེབས་དོན་དངོས་ལ་ངོས་འཛིན་ལྡང་ངེས་དང་གོ་བ་གཏིང་ཟབ་བརྒྱབ་ནས། ཁྱད་ཆོས་ལྡན་པའི་བོད་རིགས་ཡོངས་རྫོགས་དམིགས་བསལ་སྲིད་འཛིན་ས་ཁོངས་མངའ་ཁུལ་དབྱེ་མཚམས་མི་རིགས་བཅའ་ཁྲིམས་བཞིན་ངོས་ལེན་བྱེད་དགོས། ཧོང་ཀོང་རྒྱ་མི་རིགས་ས་སྡེ་ཞིག་ལ་རྩ་ཁྲིམས་དོན་ཚན་སོ་གཅིག་དེ་བེད་སྤྱོད་བྱས་ནས་དམིགས་བསལ་སྲིད་འཛིན་རང་སྐྱོང་སྤྲད་ཡོད། བོད་མི་རིགས་ལ་དམིགས་སུ་བཀར་ནས་ ༡༩༥༡ ལོར་དམིགས་བསལ་སྲིད་འཛིན་ས་ཁུལ་འཛུགས་རྒྱུ་ལོས་ཡིན། ༡༩༥༡ ལོ་ནས་ད་བར་མི་ལོ་ ༥༨ སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་བཞིན་ཆབ་སྲིད་གུན་གསབ་སྤྲད་ནས་ད་ལྟའི་དུས་འདིར་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་སྤྲོད་དགོས་པའི་དཔང་རྟགས་ཆ་ཚང་ཚང་ཡོད་པ་ཡིན། རྒྱ་ནག་གཞུང་གི་ཁྲིམས་ནང་བཅའ་ཁྲིམས་ལ་གཞི་འཛིན་དགོས་པ་དང༌། བཅའ་ཁྲིམས་ནང་གཏན་འབེབས་མེད་ཚེ། ཁྲིམས་སྲོལ་བཞིན་ཁྲིམས་སྲོལ་གྱི་གཏན་འབེབས་མེད་ཚེ། དོན་དངོས་གཞིར་གཞག་བཞིན་དོན་དངོས་མེད་ཕྱིན། ཕན་ཐོགས་གཞིར་བཞག་གཞི་འཛིན་རྒྱུའི་རྣམ་གཞག་གི་རྣམ་དབྱེ་སྟོན་ཡོད་པས་དེ་རྒྱ་གཞུང་ནས་བོད་མི་རིགས་དང་རིག་གཞུང་ལ་སྲུང་སྐྱོབ་རྒྱང་རིང་གཏིང་ཟབ་ལག་ལེན་སྟར་རྒྱུ་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་འབའ་ཞིག་ཡིན། རྩ་ཁྲིམས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་དམངས་ཚང་མ་འདྲ་མཉམ་གྱི་ཁེ་ཕན་གང་ཐོབ་གང་ཡོངས་རང་དབང་དང༌། གཏུག་བཤེར་བྱེད་པའི་རང་དབང་བཅས་གནས་བབ་འདྲ་མཉམ་བཀོད་པ་རྣམས་ཉམས་ལེན་བྱེད་དགོས།
དགུ་པ། ཧོང་ཀོང་གི་ས་གནས་ལ་ ༡༩༨༤ ལོར་རྒྱ་གཞུང་དང་དབྱིན་གཞུང་གཉིས་བར་ཆིངས་ཡིག་གཞིར་བཟུང་ ༡༩༩༧ ལོར་ཧོང་ཀོང་ས་ཁུལ་ལ་རང་སྲིད་རང་སྐྱོང་ལག་ལྟར་བྱས་ཡོད། རིགས་འགྲེ་བཏང་ནས་བཤད་པ་ཡིན་ན། ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་བཏང་ནས་མེས་རྒྱལ་གྱི་པང་དུ་ལོག་དགོས་པ་དང༌། ཧོང་ཀོང་དང་ཨའོ་མན་གྱི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ཀྱི་ཀྲུང་གོར་བཙན་འཛུལ་བྱས་པ་ལས་བྱུང་བའི་གནས་དོན་དང༌། ཀྲུང་གོས་བདག་དབང་སླར་གསོ་བྱེད་པའི་གནས་དོན་ཡིན་པ། གོང་གསལ་གནས་དོན་དེ་གཉིས་བར་ཁྱད་པར་མེད་པ་ཡིན་ཞིང༌། དངོས་བསྟན་ནས་ཞུས་ན་གནས་དོན་དེ་ཉིད། དངོས་ཤུགས་ཀྱི་་ཁྱད་པར་དབྱེ་རྒྱུ་མེད་པའི་འབྲུ་དོན་མཚུངས་པ་རང་ཡིན། མངའ་ཁོངས་ཡིན་མིན་དང༌། བཙན་འཛུལ་ཡིན་མིན་ལག་ལེན་དང་དོན་དངོས་ནས་ར་སྤྲོད་བྱས་ཡོད། ཁྲིམས་ལུགས་གཞི་འཛིན་ས་ནས་བཤད་ན། དོན་དངོས་དང་དོན་དངོས་ཀྱི་དཔང་རྟགས་དེ་རྩ་འཛིན་དང་དངོས་བསྟན་ཡིན། དེ་བྱིང་གི་དཔང་རྟགས་དང་རྒྱུ་མཚན་རྣམས་རབ་རིབ་ཀྱི་ཁོངས་སུ་གཏོགས་པ་ཡིན། བོད་དེ་རང་བཙན་ཡིན་པ་ས་ཡི་རི་མོ་ཐང་རེད། རྒྱ་བོད་ཀྱི་གྱོད་གཞི་དེ། གྱོད་གཞིའི་འཕེལ་རིམ་མང་ལ།། དེའི་གྲལ་དཔོན་རིགས་མང་བ།། ངོ་མཚར་ཆེ་བའི་གྱོད་གཞི།། ཡར་རྒྱས་སུ་གྲགས་པ་འདི།། དཀའ་སྤྱད་འབད་བརྩོན་གྱི་རྒྱུ་ནི། ྋགོང་ས་མཆོག་གི་དབུ་ཁྲིད་གནང་བའི་མཁས་མཛངས་ལྡན་པའི་སྲིད་ཇུས་དགོངས་གཏེར་ནས་བྱུང་བའི་བོད་མི་རིགས་ཀྱི་བདེན་པའི་ཁུངས་མ་དེ་ནི་ལག་ལེན་ནི་ཡོན་ཏན་གྱི་འབྱུང་ཁུངས་ཡིན་ཞེས་པ་ལས། བོད་མི་རིགས་ཀྱི་བདེན་པའི་རྒྱུ་དེ། ༡༩༥༩ ལོར་རྒྱ་ནག་གཞུང་གི་ནག་སུབ་བཏང་བ་དང་རིམ་བཞིན་རྫུན་གཏམ་བཤད་ནས་རྫུན་གཏམ་སྟོང་བཤད་ན་ངོ་མར་འགྱུར་ཟེར་བའི་དཔེ་ལྟར་ངན་སེམས་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱས་རུང༌། བོད་ཀྱི་གཏམ་དཔེར། མི་དྲང་པོ་འཚོ་བ་བདེན་པས་འཁྱོལ་ཟེར་བ་ལྟར། བདེན་རྩ་དེ་འཛམ་གླིང་ཡོངས་སུ་གྲགས་པའི་གླེང་ཕྱོགས་སུ་འགྱུར། འཛམ་གླིང་མི་དམངས་ཀྱིས་ཕྱོགས་ཡོངས་ཀྱི་གནས་བབ་ཆུ་ཚད་རྗེས་ཟིན་ཐུབ་པ་བྱེད་ཀྱི་ཡོད་པ་རེད། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་ནས་ཁྲིམས་ལུགས་ལྟར་བོད་བཅོས་སྐྱོང་བྱེད་རྒྱུ་དང་མཐུད་སྒོ་ཚང་དུ་གཏོང་དགོས་པའི་ཆ་རྐྱེན་ཐོག་མ་ནི། རྩ་ཁྲིམས་ཀྱི་བྲུ་དོན་བཞིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ལག་བསྟར་བྱ་རྒྱུ་དེ་གནས་ཚུལ་དངོས་དང་མཐུན་པའི་ཚད་མ་དེ་ཡིན། དེ་ལྟར་བསྒྲུབ་ཐུབ་པ་དགོས་ན་འགག་རྩ་ནི། ཆེས་མཐོའི་འགོ་ཁྲིད་དང༌། གཤམ་འོག་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལུགས་ཤེས་བྱ་དང༌། ཁྲིམས་ལུགས་ཀྱི་ལྟ་་བ། ཁྲིམས་ལུགས་ལག་བསྟར་བྱེད་པའི་ཆུ་ཚད་བཅས་ལ་རག་ལུས་ཡོད། རྒྱ་ནག་གཞུང་ལ་ཁྱད་ཆོས་ལྡན་པ་ཡོད་ཕྱིན། བོད་གཞུང་དང་བོད་མི་རིགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་ཡོད་པའི་ཕྱིར།
བཅུ་པ། བོད་མི་རིགས་ཀྱིས་རང་སྲིད་རང་སྐྱོང་གི་ཁེ་དབང་དང་རང་དབང་དེ་སྲིད་ཇུས་ཀྱི་ལམ་ནས་རྒྱ་ནག་སྲིད་གཞུང་གིས་ཁས་ལེན་དང་ངོས་འཛིན་ལྡང་ངེས་མ་བརྒྱབ་པར་དུས་འགྱངས་མུ་མཐུད་ནས་བཏང་བ་དང༌། མི་རིགས་སྡུག་ཟད་འཇིག་ཉེའི་ཉམ་ངའི་ས་མཚམས་ཀྱི་དུས་ལ་བབ་པ་དེ། མཇུག་བསྒྲིལ་བའི་ཆེད་དུ། ང་ཚོའི་ཕྱོགས་ནས་ཁྲིམས་ལུགས་ཀྱི་གོ་རིམ་བརྒྱུད་དེ་མཐར་གཏུགས་ཀྱི་བརྡ་ལན་སྤྲད་ནས། ཁྲིམས་ལུགས་ཀྱི་ངོས་འཛིན་ནི་དངོས་སུ་བསྟན་པའི་ངོས་འཛིན་ཡིན་པ་ལས། སྲིད་ཇུས་རང་བཞིན་གྱི་ངོས་འཛིན་ཤུགས་སུ་བསྟན་པའི་ངོས་འཛིན་གཉིས་ལྡོག་ཕྱོགས་ཡིན། དཔེར་ན། ལུ་གུས་རང་ཤུགས་ཀྱིས་རྩ་ཟ་ཤེས་ཀྱང་མ་ཟད་པར་འོ་མ་འོ་ཐག་མ་བཅད་པ་དེ། ཨ་མ་དང་ལུ་གུའི་བར་ཁྲིམས་ལུགས་ཤིག་དགོས་པ་ཡིན། སྲིད་འཛིན་གཏུགས་བཤེར་བཅའ་ཁྲིམས་དོན་ཚན་དུན་གསུམ་གཏན་འབེབས་བཞིན་རྒྱ་མི་རིགས་ཀྱི་ཁྲིམས་རྩོད་པ་མངགས་བཅོལ་བྱས་ནས། གན་རྒྱའི་བཅའ་ཁྲིམས་དང༌། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་བཞིན། རྒྱ་ནག་གི་ཁྲིམས་གཞུང་ལ་གཏུགས་བཤེར་བྱས་ནས། ་ང་ཚོའི་ལྷག་བསམ་རྣམ་དག་གི་ས་གནས་རང་སྲིད་རང་སྐྱོང་གི་དོན་དངོས་དེ་ར་སྤྲོད་ཐུབ་པའི་སྲིད་ཇུས་ཀྱི་ཆོས་ཉིད་དང༌། ཁྲིམས་ལུགས་ཀྱི་ཆོས་ཉིད་གཉིས་ཀྱི་དོན་དངོས་ངོས་ལེན་དངོས་ཤུགས་ཁྱད་བར་བྱེད་ཐབས་མི་འདྲ་བའི་རྐྱེན་གྱིས། ཁྲིམས་ལུགས་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་གཉིས་གོ་རིམ་དུས་གཅིག་ཏུ་མཉམ་དུ་ཡོང་གི་མེད། བོད་འཛུགས་བསྐྲུན་ཡར་རྒྱས་འུད་སྒྲོག་བཤད་སྦྱངས་ནི་བོད་ཀྱིས་བདེན་པ་དེ་རབ་རིབ་བཟོ་བའི་རྒྱུ་གཙོ་བོ་དེ་ཡིན། གཙོ་བོ་ནི་སྲིད་ཁྲིམས་ཀྱི་གོ་རིམ་ཡང་དག་བྱུང་མིན་ནི། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་་བཅུ་ང་བཞིའི། དོན་ཆུང་གཉིས་པའི་གཏན་འབེབས་བཞིན། ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་ཐད་གཤམ་གསལ་གྱི་གནད་དོན་རིགས་ཡོད་ཚེ། ཆ་ཚང་རྩིས་མེད་དུ་གཏོང་བ་དང༌། ཡང་ན་ཆ་ཤས་རྩིས་མེད་དུ་གཏོང་དགོས། ཁྲིམས་ཐག་བཅད་ནས་གྱོད་ཡ་་ལ་བསྐྱར་དུ་ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་སྤེལ་དགོས་པའི་བཅད་ཁྲ་གཏོང་དགོས་པའི་ཆ་རྐྱེན་ནི། ནང་གསེས། ༡ གཙོ་གནད་ཀྱི་དཔང་རྟགས་མི་ལྡང་པ་དང༌། ༢ བཅའ་ཁྲིམས་དང་ཁྲིམས་སྲོལ་སྤྱོད་སྟངས་ནོར་བ་དང༌། ༣ བཅའ་ཁྲིམས་གཏན་འབེབས་གོ་རིམ་ནས་འགལ་བ་དང༌། ༤ དབང་ཆ་ཚད་ནས་འགལ་བ་དང༌། ༥ དབང་ཆ་གང་བྱུང་དུ་བེད་སྤྱོད་བྱས་པ། དོན་ཆུང་གསུམ་པ། སྲིད་འཛིན་གྱོད་ཡ་ནས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ལག་སྟར་མི་བྱེད་པ་དང་ནར་འགྱངས་སུ་བཞག་པ་རྣམས། དུས་བཀག་ངེས་ཅན་ནང་ལག་སྟར་བྱེད་དགོས་པའི་ཁྲིམས་ཁང་ནས་བཅད་ཁྲ་དང༌། ཁྲུན་ཁྲ། བཀའ་བཅད་གཏོང་རྒྱུ། དོན་ཆུང་བཞི་པ། སྲིད་འཛིན་ཆད་པ་དྲང་བདེན་བྱུང་མེད་རིགས་ལ་ཁྲིམས་ཐག་བཅད་དེ་བཅད་ཁྲ་དང༌། ཁྲུན་ཁྲ། བཏང་ནས་སྲིད་འཛིན་ལ་བསྐྱར་བཅོས་གོ་རིམ་སྤྲོད་པའམ་ཡང་ན་ཁྲིམས་ཁང་ནས་བསྒྱུར་བཅོས་བྱས་ནས་མཐའ་མའི་བཅད་ཁྲ་བཏང་ཆོག་པའི་གཏན་འབེབས་བཀོད་ཡོད་པ་དང༌། སྲིད་འཛིན་གཏུག་བཤེར་བྱེད་པའི་དམིགས་བསལ་གོ་དོན་ལས། དཔེར་ན། ཁྲིམས་ཁང་ནི་བྱེད་པས་བྱ་བ་འདྲེན་པའི་ལས་རིམ་དང༌། བྱ་བས་བྱ་བ་འདྲེན་པ། བྱ་བ་དུས་སྔ་ཕྱི་མེད་པ་ཅིག་ཅར་དུ་འདྲེན་པ་བཞིན་ཁྱད་ཆོས་ལྡན་པ་དང་མཚུངས་པས། གཏུག་བཤེར་བྱེད་པའི་ཆ་རྐྱེན་གྱི་དཔང་རྟགས་ནི། ༡ ཁྲིམས་བཀོད་ངོ་ཚབ་ནི་ཁྲིམས་མཐུན་བཞིན་ཡོད་པ་དང༌། ༢ དོན་དངོས་ཀྱི་རྒྱུ་རྐྱེན་དང་རྒྱུ་མཚན་ཡོད་པ། ༣ གོ་རིམ་གྱི་དཔང་རྟགས། ༤ ངག་ཐོག་དང་ཡིག་ཐོག་དོན་དངོས་སྲིད་འཛིན་ཆད་གཅོད་དཔང་རྟགས༌། ༥ ཁྲིམས་སུ་འཁོད་པའི་གཞི་འཛིན་སའི་གཏན་འབེབས། ༦ ཡུན་ཚད་དང་ཁྱབ་ཁོངས་ཀྱི་གཞི་འཛིན་སའི་དཔང་རྟགས་བཅས་ཡོད་པ་ཡིན། གོ་རིམ་དང་པོར། ཁྲིམས་གཞུང་ལ་གཏུག་བཤེར་བྱས་ནས་གྲུབ་བྲས་མ་སོན་ཡང༌། སྲིད་ཇུས་ནས་བཤད་པའི་དཔལ་འབྱོར་ཡར་རྒྱས་ཀྱི་འགྲེལ་བཤད་དེ། སྲིད་ཁྲིམས་ཀྱི་གཏུག་བཤེར་གོ་རིམ་ནང་ཆབ་སྲིད་དང་ཐ་དད་སོ་སོ་དང་འབྲེལ་མེད་དོན་གཞན་ཡིན་པ་བརྡ་སྤྲོད་པའི་འགྲེལ་བཤད་གོ་རིམ་ཐོབ་ཀྱི་ཡོད། བོད་འདི་དེ་སྔ་འཚོ་བ་རང་ཁ་རང་གསོ་བྱས་ནས་གཞན་དང་འདྲ་བའི་རང་བཞིན་བློ་བདེ་བག་ཕེབས་འཚོ་བ་ཞིག་འཁྱོལ་ཐུབ་ཀྱི་ཡོད༌། དཔེར་ན། ཡུལ་སས་ཡུལ་གྱི་ཆུ་འགོག་པ་བཞིན་རང་ཁ་རང་གསོས་ཐུབ་ཀྱི་ཡོད། རབ་བྱུང་བཅུ་དྲུག་ལོའི་ས་མོ་ཕག་གི་ལོ་ནས་བཟུང་རང་ཡུལ་གཞན་ལག་ཏུ་ཤོར་བ་དང༌། རང་ཁ་རང་གསོའི་འཚོ་བ་ཁྱོལ་སའི་སྤྱི་ཚོགས་ཀྱི་་ཁོར་ཡུག་གང་དག་ཤོར་ནས། ད་ལྟའི་ཆར་མི་དམངས་བརྒྱ་ཆ་གསུམ་བཅུ་ལྷག་གཞན་ལ་བརྟེན་དགོས་པ་དང༌། བརྒྱ་ཆ་བདུན་བཅུ་ཙམ་ཆེས་མི་སེར་དཔལ་ཡུལ་ཅན་གྱི་འཚེ་བའི་ཁོར་ཡུག་ནང་འཚོ་བའི་གནས་སུ་ལྷུང་པ་དང༌། གཞན་གྱི་འུད་དང་འུད་སྒྲོག་འཁྱེར་དགོས་པ་དང༌། བོད་དེ་བོད་མིར་བདག་དབང་རང་བདག་ལས་སྤྱོད་དབང་ཡང་དག་ཅིག་ཀྱང་ཐོབ་མེད། དེ་ཡི་ང་ཚོར་ཕྱི་སྲིད་ཀྱི་ལམ་དང་ནང་སྲིད་ལམ་གཉིས་ལམ་སྟོན་གསལ་བཤད་ཀྱི་དཔང་རྟགས་ཁུངས་བཙན་ཞིག་ཡོང་གི་ཡོད་པ་དང༌། མེ་སྟག་སྤང་ལྗོངས་བསྲེག་ཐུབ་ཟེར་བའི། ཁ་དཔེ་བཞིན། སྲིད་འཛིན་གཏུག་བཤེར་གོ་རིམ་ལས། མེ་སྟག་མེ་དྲོད་བཞིན་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ཀྱིས་མིག་ལ་མེ་ཤེལ་དགར་ནས་བོད་ཀྱི་ཁྱད་ཆོས་དེ་མིག་གིས་མངོན་གསུམ་དུ་མཐོང་རྒྱ་ཆེ་བའི་རེ་བ་ཡོད། ྋགོང་ས་མཆོག་དང་བོད་མི་རིགས་ཀྱིས་རང་བཙན་དོར་གྱི་མི་འདུག་ཟེར་བའི་ཁ་དཀྲི་བཏགས་སའི་བཤད་ཡམས་དེ་གཏུག་བཤེར་གོ་སྐབས་ལེན་པ་ཡིན་ན། ཡིན་མིན་ཐག་གཅོད་གོ་རིམ་ཕྱིན་པ་ཙམ་མིན་པར་རྒྱ་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱུ་མཚན་འཐད་ལྡན་ཞིག་བཤད་དགོས་པ་ལས་དབང་ཡིན། གཏུག་བཤེར་གོ་རིམ་གཉིས་ཀྱི་ཡུན་ཚད་ནི་ཞུ་གཏུགས་བདག་སྤྲོད་བྱས་ཉིན་ནས་བརྩིས་པའི་སྲིད་འཛིན་ཞུ་གཏུག་ནི་དངོས་བསྟན་ཟླ་བ་ལྔ་ཡིན།
བཅུ་གཅིག་པ། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་གྱ་གཅིག་པའི་གཏན་འབེབས་གཞི་བཞག་ནས་བཤད་ན། གྲོས་མཐུན་དོན་ཚན་བཅུ་བདུན་དེ་གོ་རིམ་གྱི་ངོ་བོའི་ཐོག་ནས་བོད་དེ་རང་བཙན་གཙང་མ་ཡིན་པའི་དངོས་བསྟན་དུ་ར་སྤྲོད་བྱས་ཡོད། ཡིན་ནའང་རང་སྲིད་རང་སྐྱོང་གི་ཐོབ་ཐང་བརྩོན་ལེན་བྱེད་པའི་སྲིད་ཇུས་དང་ཁྲིམས་ལུགས་ཡུན་ཚད་གོ་རིམ་ནང༌། གྲོས་མཐུན་དོན་ཚན་བཅུ་བདུན་དེ་བཅའ་ཁྲིམས་ཀྱི་བཅུན་བསྡོམས་ཡོད་པའི་ས་བཅད་ནང་ཚུད་ཀྱི་ཡོད་པས། ཆིངས་ཡིག་གསར་པ་བཞག་དགོས་པའི་གཏུག་བཤེར་ཆ་རྐྱེན་ནང་བཞག་དགོས་ཀྱི་ཡོད་པས། དེ་ཚོ་གཏུག་བཤེར་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཚང་ཡོད། ཟུར་དུ་གཏན་འབེབས་བྱས་པའི་དམིགས་བསལ་དཔང་རྟགས་གཅིག་ནི་གྲོས་མཐུན་དོན་བཅུ་བདུན་གྱི་མ་ཡིག་ནང་གྲོས་མཐུན་གསར་པ་འཇོག་རྒྱུའི་ཆ་རྐྱེན་ཡོད་པའི་དཔང་པོས་དཔང་རྩིས་བཞག་འདུག་པས་དེ་བཅའ་ཁྲིམས་དང་མཐུན་ཡོད། ཆིངས་ཡིག་དོན་ཚན་བཅུ་བདུན་དེ་གྱོད་གཞིར་བཙུགས་ནས་གཞུང་གཏུགས་བྱ་རྒྱུར་དམངས་དོན་ཞུ་གཏུག་གོ་རིམ་གཉིས་ཀྱི་ཞུ་གཏུགས་བྱས་ནས་བདག་སྤྲོད་བྱས་ཉིན་ནས་དངོས་བསྟན་ཟླ་བ་དྲུག་ནང་མཇུག་བསྒྲིལ་གྱི་ཡོད་པ་རེད། གོང་གསལ་ཁ་མཆུ་གཉིས་ཀྱི་འགྲོ་ལུགས་ཤུགས་བསྟན་དང་འབྲེལ་བའི་སྒོ་ནས་འགྲེལ་བཤད་ཕྲ་རགས་ཡོད་པ་ཡིན།
དམིགས་བསལ་ཞུ་རྒྱུར། བོད་དང་རྒྱ་གར་ས་མཚམས་དང༌། བོད་འབྲུག་སོགས་ཀྱི་ས་ཁུལ་དུ་རྒྱ་ནག་གིས་སུན་ཟན་ ༡༩༥༩ ལོ་ནས་བཟུང་རྒྱུན་མི་ཆད་བར་བཟོ་བའི་དམིགས་ཡུལ་གཏིང་ཟབ་པའི་བྱས་དང་བྱེད་བཞིན་པ་ནི། འདིའི་དམིགས་ཡུལ་སིམ་ལའི་ཆིངས་ཡིག་སྐབས་མན་མོང་གིས་རྒྱ་གར་དང་བོད་བར་ས་ཐིག་བཞག་པའི་དཔང་རྟགས་རྣམས་མེད་པ་བཟོ་བའི་བསྒྲུབ་བྱ་ཡིན་པས། དཔང་རྟགས་འདི་མ་འོངས་དུས་སུ་བོད་ཀྱི་གནས་ཚུལ་ཁ་གསལ་བཟོ་ཐུབ་པའི་ཁྲིམས་ཀྱི་དཔང་རྟགས་ཡིན། ས་མཚམས་ཀྱི་ཁྱད་བར་ལ་མི་ལྟོས་ཀྱང་ཡིག་ཆའི་ངོ་བའི་ཁྱད་བར་ལ་ལྟོས་ནས་ཁ་གསལ་པོ་མི་བཤད་པར་གནོན་ཤུགས་ཀྱི་བྱ་བས་བྱ་བ་འདྲེན་པའི་རྒྱ་དཀར་ནག་ཆིངས་ཡིག་གཅིག་ཡོང་རྒྱུའི་དམིགས་ཡུལ་ཡིན། ས་མཚམས་ཀྱི་ས་ཁུལ་རྫོང་ཁ་ཤས་དང་ས་ཁུལ་ཁ་ཤས་ཕན་ཚུན་ཤོར་ཡུལ་གྱི་དམིགས་ཡུལ་མིན་པ་ནི་རྒྱ་ནག་གི་སྲིད་བློན་ནས་ ༢༠༠༩ ལོའི་ནང་ས་མཚམས་ཀྱི་གནས་ཚུལ་དེ་གནས་ཆུང་ཡིན་པའི་གཏམ་བཤད་ནས་དཔྱད་ཤུགས་བྱེད་ཐུབ་པ་ཡིན། འདི་རྒྱ་འབྲུག་གཉིས་ཀྱིས་དགོངས་བཞེས་ཡོད་པ་ཞུ།
བཅུ་གཉིས་པ། རྩོམ་སྒྲིག་པའི་དམིགས་བསལ་མཇུག་གཏམ་ལས། སྔ་ལོ་གུས་པས་དཔྱད་རྩོམ་བྲིས་པའི་ ༢༠༠༨ ལོའི་ཟླ་ ༤ ཚེས་ ༢ ཉིན། བདེན་རྫུན་ར་སྤྲོད་ཀྱི་ཐེར་འདོན་དཔྱད་རྩོམ་ཡི་གེའི་ནང༌། གྲོས་མཐུན་དོན་ཚན་བཅུ་བདུན་དེ་རང་བཞིན་གྱི་ནུས་མེད་དང༌། ཁྲིམས་ལུགས་ཀྱི་གྱོད་གཞི་ཡིན་པས་དེ་ཁྱབ་ཁོངས་ཁྲིམས་ལུགས་ཀྱི་སྔ་ཕྱིའི་གོ་རིམ་བརྒྱུད་ནས་སྲིད་འཛིན་བྱ་སྤྱོད་གསར་པ་སྤེལ་དགོས་པའི་ཁྲིམས་ལུགས་ལ་དཔྱད་པའི་ཆེད་རྩོམ་དཔྱད་བྲིས་བྱས་ཡོད། དེ་དང་འབྲེལ་བ་ཡོད་པ་གཅིག་ནི། ༡༩༥༩ ལོའི་ཟླ་ ༣ ཚེས་ ༢༨ ཉིན་ཀྲོའུ་ཨེན་ལན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་དེ་ཁྲིམས་འགལ་ཡིན་པ་ ༢༠༠༨ ལོའི་ཟླ་ ༤ ཚེས་ ༣༠ ཉིན་སྲིད་དོན་ལ་དཔྱད་པའི་ཡི་གེའི་དོན་ཚན་བཞི་པའི་ནང༌། ཁྲིམས་ལུགས་ཀྱི་དཔྱད་པ་སྔོན་ལ་བཏང་ནས་ཕྱི་ནས་འགྱོད་པ་མི་སྐྱེས་པའི་ལྷག་བསམ་རྣམ་དག་དང་ཟོལ་མེད་ངང་པུས་མོའི་རུས་པ་ས་ལ་བཙུགས་ནས་དཔྱད་བྲིས་ཕུལ་ཡོད་དགག་ལན་གསལ་བསྒྲགས་སུ་བྲིས་ཀྱང་དེ་གསར་ཤོག་ཁྱབ་བསྒྲགས་བཀའ་འཁྲོལ་བྱུང་མེད། འདི་ལོ་ ༢༠༠༩ ལོའི་ཟླ་ ༣ ནང་རྒྱ་གཞུང་དང་བོད་རང་སྐྱོང་ལྗོངས་ནས་ ༡༩༥༩ ལོའི་ཟླ་ ༣ ཚེས་༢༨ དེ་ཆབ་སྲིད་ཀྱིས་དམིགས་བསལ་དུས་དྲན་ལ་ཁྱབ་བསྒྲགས་བྱས་ཡོད། འདས་ལོའི་དཔྱད་རྩོམ་ནང་རྒྱ་བོད་དཀའ་རྙོག་གི་གོ་རིམ་དེ་སྲིད་འཛིན་གྱིས་ཆབ་སྲིད་གོ་རིམ་ཁོ་ན་ལས་དཔལ་འབྱོར་གྱི་འབྲེལ་བ་མེད་པའི་དཔྱད་འགྲེལ་བྱས་ཡོད་ཀྱང༌། དེ་བྲིས་བར་ངོ་རྒོལ་བྱེད་མཁན་ཁ་ཤས་བྱུང་ཡང་གུས་པས་ཁྲིམས་ལུགས་གཞི་འཛིན་སའི་ལུང་དྲངས་ཡོད། བཀའ་རྒྱ་དེ་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞིའི་དོན་ཆུང་གཉིས་པའི་ནང་གསེས་ཁག་གི་གཏན་འབེབས་དང་འགལ་བ་ཡིན་པ་དཔྱད་རྩོམ་ནང་མཐའ་དཔྱོད་བྱས་པ་དང༌། རྩ་ཁྲིམས་ས་བཅད་དང་པོའི་དོན་ཚན་རེ་བདུན་པའི་དོན་ཆུང་བདུན་པའི་གཏན་འབེབས་ནང་ཕྱིར་འཐེན་བྱ་དགོས་པའི་ཆ་རྐྱེན་ཚང་ཡོད། ྋགོང་ས་མཆོག་ལ་ཕྱི་རྒྱལ་ནས་གཟེངས་རྟགས་ཕུལ་བ་དེར་རྒྱ་ནག་གི་དཔོན་རིགས་ཚོས་ངོ་རྒོལ་བྱེད་བཞིན་པ་དེ་དབང་ཆ་ཚད་ནས་འགལ་བ་དང་དབང་ཆ་གང་བྱུང་དུ་བེད་སྤྱོད་བྱས་པ་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བ་ཡིན། འདི་ལོ་རྒྱ་གཞུང་སྲིད་འཛིན་གྱིས་ ༡༩༥༩ ལོའི་ཟླ ༣ ཚེས་ ༢༨ ཉིན་ཁྲིམས་འགལ་བྱ་སྤྱོད་དེ། ཁྲིམས་མཐུན་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དེ་ནི་རྭ་མགོ་ལུག་མགོར་སྦྱར་བ་རང་རེད།
བཅུ་གསུམ་པ། ཉིས་སྟོང་བརྒྱད་ལོའི་རྒྱ་བོད་གྲོས་མོལ་བརྒྱད་པའི་སྐབས་སུ། ཀྲུའུ་ལྦན་ཆོན་གྱིས་བཤད་པའི་བརྗོད་ཚིག་ནང༌། དོན་དམ་ལ་མོས་མཐུན་བྱས་མེད། ཡིན་ཡང་ཁོས་ཚིག་གྲོགས་ནང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༡༤ གཏན་འབེབས་བཞིན་ཁྲིམས་ལུགས་འགྲོ་ལུགས་བརྒྱུད་དགོས་ཟེར་བཤད་པ་དེ་ནི་ང་ཚོས་བསམ་གཞིགས་བྱེད་དགོས་པ་དང༌། རྐྱེན་དེ་ལ་གྱོད་མིང་འཛུགས་དགོས་པ་གལ་ཆེན་པོ་ཡིན། ཚིག་གི་སྣེ་མོ་དང་ཡོན་ཏན་གྱི་སྣེ་ཟིན་པ་ལས། གནད་ལ་འཁེལ་བ་གཏིང་ཟབ་པའི་གཏུགས་ལན་བྱེད་རྒྱུ་དེ་ལ་ཐུག་ཡོད། དཔྱད་རྩོམ་འདི་རྒྱ་ནག་གི་གཏུག་བཤེར་ཁྲིམས་ཆེན་གསུམ་དབྱེ་བའི་ཡ་གྱལ་སྲིད་འཛིན་ལས་ཁུངས་ཀྱི་ཆབ་སྲིད་ལམ་ལུགས་དེ་ཁྲིམས་བཞིན་སྐྱོང་གི་ཡོད་མེད་ཁྲིམས་སྦྱོར་གྱི་གོ་ནས་སྲིད་འཛིན་གཏུག་བཤེར་བྱེད་པའི་གོ་རིམ་དེ་ཡིན། གུས་པས་དཔྱད་རྩོམ་འདི་འདོན་རྒྱུའི་དམིགས་ཡུལ་ནི་བོད་ནང་ཉེས་མེད་བོད་མི་རྣམས་ལ་མི་ལུས་རང་དབང་བྲལ་ཞིང་སྡུག་བསྔལ་གྱི་ཉིན་ཚན་མི་འཁྱོལ་བ་འདི་ཁྲིམས་ལུགས་གོ་རིམ་བརྒྱུད་ནས་རྩ་ཁྲིམས་དང༌། བཅའ་ཁྲིམས་ཀྱི་བྱས་ཉེས་ཡིན་པར་ངོས་མ་བཟུང་བ་དང༌། ཉེས་དམིགས་སུ་མི་བསྒྲུབས་པ་རྣམས་་རིམ་བཞིན་སེལ་ཐུབ་པའི་སྔོན་མེད་ཟུར་རྩོམ་འདི་བཞིན་རེ་འདུན་བྱེད་བཞིན་ཡོད།
གོང་མིང་པས་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡ ཉིན་བྲིས།