བཙན་གཡེམ་བྱས་པ་ཡིན་མིན་ལ་གསལ་ཁ་མི་འདུག

གནད་དོན་དེ་ག་འདྲ་བྱུང་མིན་དྷ་ས་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “གནས་ཚུལ་བྱུང་བ་དེ་༢༠༠༩ ལོའི་ཕྱི་ཟླ་༡༢ པའི་ཚེས་༢༧ དང་༢༨ ཡས་མས་ནས་བྱུང་འདུག བོད་པ་བུ་དེ་ལོ་༢༡ རེད། འཇར་མི་ནིའི་སྐྱེ་དམན་དེ་ལོ་༤༦ རེད། ཉིན་གཉིས་ལ་མཉམ་དུ་བསྡད་འདུག ཁོང་གཉིས་ནང་དུ་བཅུག་ནས་རོགས་པ་དེས་ཕྱི་ལོག་ནས་སྒོ་བརྒྱབ་བཞག་འདུག དགའ་བོ་ཉེ་བོ་ཡིན་ཟེར་གྱི་འདུག སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་ཕྱི་རྒྱལ་སྐྱེ་དམན་ལོ་ཆེན་པོ་དང། བོད་པ་ལོ་ཆུང་ཆུང་མཉམ་པོར་གཉེན་སྒྲིག་བྱས་པ་བརྒྱ་ཙམ་གྱི་ཐོ་གཞུང་ང་ཚོར་ཡོད་པ་རེད། བུ་མང་པོ་རེད། བུ་མོ་ཕྱི་རྒྱལ་མཉམ་པོར་གཉེན་སྒྲིག་བྱེད་མཁན་ཉུང་ཤས་རེད། དེ་ཚོ་མང་ཆེ་བས་ཕྱི་རྒྱལ་ལ་འགྲོ་རྒྱུའི་ཐབས་ལམ་འཚོལ་གྱི་ཡོད་པ་རེད། སྐྱེ་དམན་དེས་ཟླ་འདིའི་ཚེས་༡༥ ཉིན་ཞུ་གཏུག་བྱས་འདུག ཞུ་གཏུག་ཡི་གེའི་ཐོག་ཏུ་ཁོང་གཉིས་མཉམ་དུ་བསྡད་སྐོར་ལས་བཙན་གཡེམ་བྱས་སྐོར་མི་འདུག ང་ལྟ་རུ་འགྲོ་སྐབས། སྐྱེ་དམན་དེ་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་འདུག ཚེས་༡༦ ཉིན་གྱི་མཚན་མོ་ཕོ་གསར་དེ་གཉིས་ཉེན་རྟོག་པས་འཇུས་འདུག མོ་ལ་བཙན་གཡེམ་གཏོང་མཁན་གཞན་པ་བྱུང་ནས། ཁོང་ལ་ཡ་ལན་བཙུགས་པ་མིན་འགྲོ་ཞེས་བོད་པ་ཕོ་སར་དེས་བརྗོད་སོང། ད་ལྟ་ཁྲིམས་ཁང་ནས་སྐད་ཆ་བཤད་དགོས་པ་ལས་ཞིབ་ཕྲ་མི་འདུག སྐྱེ་དམན་དེས་ཁོང་གཉིས་ག་འདྲ་ཞིག་བེད་སྤྱོད་བཏང་བ་ཡིན་ངས་མི་ཤེས། སྤྱིར་བཏང་སྔོན་མ་ཡང་ཕྱི་རྒྱལ་སྐྱེ་དམན་ཞིག་གིས་སོ་སོའི་ཐོངས་མཆན་ལག་ཁྱེར་གྱི་དུས་ཚོད་རྫོགས་པ་དང། དེ་འདྲར་ཁག་དཀྲི་བྱས་པ་རེད། ད་ཐེངས་ཡང་དེ་དང་འདྲ་པོ་རེད། སྐྱེ་དམན་དེའི་ཐོངས་མཆན་ལག་ཁྱེར་གྱི་དུས་ཚོད་རྫོགས་འདུག ཉེན་རྟོག་པས་མོའི་ལག་ཁྱེར་ཕྱིར་འགྱངས་བྱེད་དགོས་ཀྱི་འདུག ཁ་མཆུ་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད། གང་ལྟར་ཕྱི་རྒྱལ་སྐྱེ་དམན་དེ་ཚོས་བོད་ཕྲུག་ཚོ་བེད་སྤྱོད་གཏོང་གི་འདུག ད་དུང་མང་པོ་ཡོད་པ་རེད། ངས་ཉེན་རྟོག་པར་ཁྱེད་རང་ལ་འགན་ཡོད་པ་རེད། ང་ལ་འགན་ཡོད་པ་རེད། འདིར་ཟང་ངེ་ཟང་ངེ་བྱུང་ན་བོད་པ་རེད་ཅེས་མཐའ་སྐྱེལ་ཐུབ་ཀྱི་མ་རེད། སྔོན་མ་ཁ་མཆུ་དེ་འདྲ་ལག་ཁྱེར་དུས་འགྱངས་ཆེད་དུ་བྱུང་བ་རེད་ཅེས་བརྗོད་པ་ཡིན། བཙན་གཡེམ་བྱེད་མཁན་བོད་པའི་ཕོ་གསར་དེ་གཉིས་རེད་ཅེས་མིང་བཏོན་ཡོད་པ་མ་རེད། ཡིན་ནའང་བརྒྱུད་རིམ་བཤད་ཡོང་སྐབས། ཁོང་གཉིས་ཕན་ཚུན་འབྲེལ་བ་ཡོད་པས། དེར་སླེབས་བསྡད་ཡོད་པ་རེད། ཕོ་གསར་དེར་ང་ཐུག་དུས་ཁོ་རང་གིས་ཉེན་རྟོག་པར། སྐྱེ་དམན་དེས་ངས་གཙན་གཡེམ་བྱས་པ་རེད་ཅེས་བརྗོད་སོང་ངམ། ངེད་གཉིས་ནམ་རྒྱུན་འཆམ་པོ་ཡོད། ང་ལ་ཁུངས་སྐྱེལ་དགོས་ཀྱི་རེད་ཅེས་བཤད་སོང། ག་ལེར་གློད་གྲོལ་བཏང་ཡོང་གི་རེད་བསམ་གྱི་འདུག་”ཅེས་གསུངས་སོང། ཡང་ཁོང་གིས་མུ་མཐུད་གསུང་དོན། དེ་སྔོན་ཡང་ཕོ་སར་དེ་གཉིས་ཀྱིས་རྒྱ་གར་གྱི་ལག་ཁྱེར་ཁ་པར་ཞིག་བརྐུས་པ་རེད་ཅེས་ཉེན་རྟོག་ལས་ཁུངས་སུ་གཏུག་བཤེར་བྱས་པའི་སྐོར་ཡང་འགྲེལ་བརྗོད་གནང་སོང།
༢༠༠༩ ལོར་དྷ་སར་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་མང་པོ་ཡོད་མེད་སྐོར་ཁོང་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “སྤྱིར་བཏང་༢༠༠༩ ལོར་རྐུན་མ་མང་པོ་བྱུང་བ་རེད། ང་རང་ཚོའི་མིས་རྐུན་མ་བོད་པ་ཡིན་པ་ཤེས་དུས། ཞུ་བ་འདྲ་འཐེན་ནས་རྩིས་སྤྲོད་ཀྱི་མི་འདུག རྐུན་མ་གཅིག་བཟུང་ནས་བཙོན་ཁང་ཆེ་བ་དེའི་ནང་བཅུག་ཡོད་པ་རེད། དེའི་སྔོན་རང་བདེན་ཚོགས་ཆུང་དུ་རྐུན་མ་བརྒྱབ་པ་དེ་ཡང་ཁོང་ཚོས་ཁས་བླངས་ཡོད་པ་རེད། གཞན་པ་ཆང་ཨ་རག་འཐུང་ནས་རྒྱག་རེས་ཏོག་ཙམ་རེ་བྱུང་བ་མ་གཏོགས། སྡུག་ཆགས་ཞེ་དྲག་ཡོད་པ་མ་རེད། ས་གནས་ཡུལ་མིའི་བར་བ་འགྲིག་མིན་གྱི་རྙོག་གྲ་ཅུང་རེ་བྱུང་སྐབས། ཧིན་བོད་མཛའ་འབྲེལ་ཚོགས་པ་དང། རྒྱ་གར། བོད་པའི་ས་གནས་འགོ་འཛིན་ཐུན་མོང་གིས་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། ཉེན་རྟོག་ལས་ཁང་དུ་འགྲོ་དགོས་དོན་ཡོད་པ་མ་རེད་”ཅེས་འགྲེལ་བརྗོད་གནང་སོང།
བོད་མི་ཚོར་ས་གནས་འགོ་འཛིན་གྱིས་ལམ་སྟོན་གནང་རྒྱུ་ཡོད་དམ་ཞེས་དྲིས་པར། ཁོང་གིས་“གླང་ཤ་བཙོང་མཁན་དང། ཐ་མ་ནག་པོ་འཐེན་མཁན། ཤོ་སྦག་རྒྱག་མཁན་དེ་ཚོར་སྐོར་བ་བརྒྱབ་ནས། ཐ་མ་ནག་པོ་འཐེན་མཁན་ཡིན་ན་ཀུན་ཕན་ལ་སྐྱེལ་གྱི་ཡོད་པ་རེད། ནམ་རྒྱུན་མི་མང་ཚུར་སྐོང་དགོས་ན། མི་མང་གིས་ཞེ་དྲག་ཤེས་ཀྱི་མ་རེད།  ཚོགས་པ་སྐྱིད་སྡུག་དེ་ཚོ་མང་པོ་མཉམ་པོར་འཛོམས་ཀྱི་འདུག ང་ཚོས་དེ་ཚོར་འབྲེལ་བ་བྱེད་ཀྱི་ཡོད། རྙོག་གྲ་ཆུང་ཆུང་རིགས་ལ་ཚོགས་པ་སྐྱིད་སྡུག་ཚོས་ཕན་ཚུན་ནང་ཁུལ་ལ་དཀའ་ངལ་སེལ་ཐབས་བྱེད་པ་དེ་ཡག་པོ་འདུག ཁོང་ཚོའི་ཁར་མི་ཉན་མཁན་ཡིན་ན། ང་ཚོས་ཁྲིམས་གཏུག་བྱེད་དགོས་ཀྱི་འདུག་གམ། ཐག་གཅོད་ག་འདྲ་བྱེད་དགོས་བལྟ་ཡི་ཡོད་པ་རེད། དྷ་སར་མི་མང་པོ་རེད། ང་ཚོས་ངོ་ཡང་ཤེས་ཀྱི་མི་འདུག གཞིས་ཆགས་ཁག་ཡིན་ན། ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པ་རེད། དེ་བཞིན་ཚུར་བཙིར་ཆོག་གི་རེད། འདིར་ཐོབ་ཐང་ཞིག་སྤྲོད་ཀྱི་མེད་པས། བཙིར་རྒྱུ་ཡང་མི་འདུག་”ཅེས་འགྲེལ་བརྗོད་གནང་སོང།།