བདེ་ཆེན་སྤེན་པ་ལགས་ཀྱིས་འདས་དོན་འདྲ་པར་གྱི་བརྒྱུད་ནས་གླེང་བ།
བདེ་ཆེན་སྤེན་པ་ལགས་ནི་དབྱིན་ཡུལ་ལོན་ཌོན་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང༌། དེ་རྗེས་འཇར་མན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལོ་ཤས་རིང་ཕྱག་ལས་གནང་ཡོད་འདུག
ཁོང་ལོ་ཤས་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ཞིང་པེ་ཅིང་མི་རིགས་སློབ་གླིང་དུ་རྒྱ་ཡི་སྐད་ཡིག་ལ་སློབ་སྦྱོང་བྱེད་ཞོར་བོད་རིགས་དང༌། རྒྱ་རིགས་གཞོན་སྐྱེས་ཁག་ལ་དབྱིན་སྐད་ཀྱང་བསླབ་གནང་ཡོད་འདུག ད་དུང་གུང་གསེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་བོད་ཀྱི་ཡུལ་གྲུ་འགའ་དང་ནང་སོག་སོགས་སུ་ཕྱིན་ཏེ་ཡུལ་ལུང་སོ་སོའི་ཆོས་རིག་གོམས་གཤིས་དང༌། སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་རེ་རེ་བཞིན་རྟོག་ཞིབ་གནང་ཡོད་འདུག
ན་ནིང་རྒྱ་ནག་ཏུ་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་མ་ཚུགས་གོང་ཏེ་ ༢༠༠༨ ཕྱི་ཟླ་ ༧ པའི་ནང་ རྒྱ་གཞུང་གིས་ཁོང་བོད་ཀྱི་གཞོན་ནུ་ཚོགས་པའི་མི་སྣ་ཡིན་སྐོར་ཀྱིས་གློ་བུར་དུ་ལོན་ཌོན་ལ་ཕྱིར་འབུད་བྱས་ཡོད་པ་རེད་འདུག ཁོང་གིས་ན་ནིང་དོན་གྲུབ་དབང་ཆེན་གྱིས་བཟོས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དང༌། བོད་རིགས་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱི་ཆེད་རྩོམ་རྣམས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་གནང་བའི་བརྒྱུད་རིམ་ནང་ལས་ཁུར་གཙོ་བཞེས་གནང་ཡོད་པ་རེད་འདུག
ད་ལན་ཁོང་ཐོག་མར་རྒྱ་ནག་ཏུ་འབྱོར་སྐབས་ཀྱི་ཚོར་སྣང་དང༌། མི་རིགས་སློབ་གླིང་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་རྣམ་ཀུན་གྱི་གནས་སྟངས། རྒྱ་ནག་གི་དུས་ཆེན་ཁག་ཏུ་བོད་དོན་དང་འབྲེལ་བའི་རྣམ་འགྱུར་བཏོན་སྟངས། རྒྱ་ཡུལ་དང་བོད་ཡུལ་གྱི་ཁོར་ཡུག་བར་ཁྱད། ལྷ་ས་སོགས་སུ་གནས་པའི་བོད་རིགས་རྣམས་ཀྱི་རྒྱུན་ལྡན་གྱི་གནས་སྟངས། རྒྱ་ནག་ཏུ་ཡོད་པའི་བོད་རིགས་ལས་བྱེད་རྒན་པ་རྣམས་ཀྱི་སྐོར། རྒྱ་ནག་དང་བོད་ཁུལ་དུ་གནས་པའི་བོད་རིགས་གཞོན་སྐྱེས་ཁག་གི་ལྟ་བ་འཁྱེར་སྟངས། རྒྱ་རིགས་རྣམས་ཀྱིས་བོད་ཐོག་བལྟ་ཚུལ་སྔ་ཕྱིར་འགྱུར་ལྡོག་ཇི་ཐེབས། རྒྱ་ནག་ནས་ཕྱིར་འབུད་བྱས་རྗེས་ཀྱི་གནས་སྟངས་བཅས་འདྲ་པར་གྱི་བརྒྱུད་ནས་འགྲེལ་བརྗོད་གནང་བ་དང༌། དྲི་བ་ཁག་ལ་ལན་འདེབས་བཅས་གནང་སོང༌།
གླེང་མོལ་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཁག་ཅིག་དང༌། དྲུང་ཆེ་ཁག་ཅིག་གཙོས་པའི་གཞུང་ཞབས་མང་པོ་ཕེབས་འདུག་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འགའི་རྒྱུན་ལས་བཅས་གནད་ཡོད་ཀྱི་མི་སྣ་མང་པོ་ཞིག་ཆེད་བཅར་བྱས་འདུག་པ་བཅས།།
