༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་འཆར།

ཟླ་འདིའི་ཚེས་༢༣ དང་བོད་ཟླ་༡༢ པའི་ཚེས་༨ ཉིན་ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ། ༸གོང་ས་མཆོག་གི་ཕོ་བྲང་ནང་དུ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་མངའ་དབང་རིན་ཆེན་འབར་བ་ཕུལ་ཚར་རྗེས། ཆུ་ཚོད་བརྒྱད་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དག་སྣང་གསང་བ་རྒྱ་ཅན་གྱི་ནང་ཚན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བརྟན་བཞུགས་འབུལ་འཆར་ཡོད་པ་མ་ཟད། རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་བཤམས་ཐོག ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་ཞུ་རྒྱུ་ཡིན་པ་རེད།    དེའི་རྒྱུ་མཚན་གཙོ་བོ་ནི། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་གཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་མྱུར་གསལ་ལྷུན་འགྲུབ་ཡོང་ཆེད་དུ་ཡིན་པ་རེད།
མཛད་སྒོ་དེར་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་ཅིག་ཕེབས་རྒྱུ་ཡིན་པ་དང། བོད་ཀྱི་བཙན་པོའི་གདུང་རྒྱུད་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་མཆོག་ཀྱང་སྔར་བཙན་པོའི་ལུགས་ཀྱི་སྐུ་ཆས་བཞེས་ནས་བརྟན་བཞུགས་མཛད་སྒོར་ཕེབས་རྒྱུ་ཡིན་པ་རེད་འདུག བརྟན་བཞུགས་འབུལ་བའི་མཛད་སྒོ་ཉིན་གཅིག་རིང་ཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་མ་ཟད། བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་སློབ་གྲྭ་དང་ཚོགས་སྡེ་ཁག་གིས་སྔ་དྲོ་དང་ཕྱི་དྲོ་གཉིས་ཀར་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་རེད་འདུག །