ལོ་གཉིས་མ་ཟིན་ཙམ་ལ་རི་རྩེར་གབ་ནས་བསྡད་པ་ཡིན།

lobsang thobtenབློ་བཟང་ཐུབ་བསྟན་ལགས་བོད་དབུས་ཁུལ་མེ་གྲོ་གོང་དཀར་ནས་ཡིན་པ་དང༌།  ཁོང་ཆུང་དུས་ནས་རབ་ཏུ་བྱུང་ནས། རྭ་མོ་ཆེའི་དགོན་པར་ཞུགས། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ནང་ཞུགས་པར་བརྟེན། ད་ལྟ་བཙན་བྱོལ་དུ་ཡོང་ནས་དྷ་ས་བོད་གཞུང་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད།
འདི་གའི་གསར་འགོད་པས་ཟླ་འདིའི་ཚེས་༡༨ ཉིན་ཁོང་ལ་རྒྱ་གར་དུ་ཡོང་དགོས་པའི་རྒྱུ་མཚན་དྲིས་པར། ཁོང་གིས་གསུང་དོན། “༢༠༠༨ ལོའི་ཟླ་༣ ཚེས་༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་པ་ཙམ་ལ་ལྷ་སར་བོད་མི་ཚོས་འོས་ལངས་བྱས་པ་རེད་ལ། མི་སུམ་ཅུ་ལྷག་གིས་བར་སྐོར་དུ་རྒྱ་དམག་གི་རླངས་འཁོར་མགོ་རྟིང་སློག་པའི་ལས་འགུལ་ནང་ང་ཡང་ཡོད། དུས་དེར་རྒྱ་དམག་ཚོས་གློག་རྒྱུགས་ཁྱེར་ནས་ང་ཚོར་གཞུ་བར་ཡོང་གི་འདུག་ལ། ང་ཚོས་ཀྱང་ཁོ་ཚོར་རྡོ་གཞུས་པ་རེད། རྒྱ་དམག་གྀ་རྗེས་སུ་བརྙན་འཕྲིན་དཔར་རྒྱག་མཁན་ཡང་མཉམ་དུ་ཡོང་གི་འདུག དེ་ཕལ་ཆེར་བོད་པ་ཚོ་དཔར་རྒྱག་རྒྱུ་རག་ན་དེར་ནག་ཉེས་བགྲང་བའི་ཐབས་ཤེས་ཡིན་པ་འདྲ། ང་ཚོས་རླངས་འཁོར་མགོ་རྟིང་བསློགས་རྗེས་མང་པོ་ཁ་ཐོར་སོང་བ་དང༌། ང་རང་སླར་ཡང་རྭ་མོ་ཆེའི་ལམ་བརྒྱུད་ཁ་ཆེའི་ལྷ་ཁང་ཕྱོགས་སུ་ཕྱིན་ནས་ཕྱིར་ཕ་ཡུལ་ཕྱོགས་སུ་འགྲོ་དགོས་སྙམ། དེ་དུས་ཕ་ཡུལ་གཅིག་པ་ཕོ་མོ་གཉིས་དང་འཕྲད་བྱུང༌། ཁ་ཆེའི་ལྷ་ཁང་ཕྱོགས་སུ་འབྱོར་དུས་ཤོག་སྦག་གི་སྒྲ་འདྲ་བའི་ཚག་སྒྲ་གཅིག་གྲགས་སོང། རོགས་པས་དེ་ནི་མེ་མདའི་སྒྲ་ཡིན་པ་མ་ཟད། ཏོག་ཙམ་མ་གཏོགས་ང་བསད་ཚར་སོང་ཟེར། དེར་རྒྱ་དམག་གིས་མེ་སྒྱོགས་བང་བསྒྲིགས་ནས་བཞག་འདུག  དུ་བའི་གསེང་ནས་ཞིབ་ལྟ་བྱ་རྒྱུ་མ་བྱུང་ཡང༌། ཕལ་ཆེར་དམག་མི་མང་པོ་ཡོད་ཚོད་འདུག  དེ་ནས་ང་ཇོ་ཁང་ནས་གཙང་པོའི་ཕྱོགས་ཀྱི་ཀུ་རུ་ཟམ་པ་བརྒྱུད་ཕ་ཡུལ་ཕྱོགས་སུ་བྲོས་པ་ཡིན། དེ་སྔོན་ལམ་བར་དུ་དམག་མི་མང་པོ་བཀྲམ་འདུག་ཟེར། གཙང་པོ་བརྒྱུད་ང་གཅིག་པུར་དེ་ལྟར་ཞིང་ཁ་སོགས་གུ་དོག་པོའི་ལམ་ཟུར་ཁོ་ན་བརྒྱུད་ནས་ཕྱིར་ལོག་པ་ཡིན། ཉིན་ཤས་རྗེས་ཁྱིམ་དུ་འབྱོར་རྗེས་གྲོགས་པོ་དང་ཁ་པར་བརྒྱུད་ཤེས་རྟོགས་བྱུང་བ་ནི་ཉེན་རྟོག་སྡེ་ཚན་ནས་ང་འཛིན་བཟུང་བྱ་རྒྱུའི་བརྡ་ཁྱབ་བཏང་ཚར་འདུག་ཟེར་བ་དེ་རེད། གནས་ཚུལ་དེ་ཐོས་རྗེས་ནང་ནས་རྩམ་པ་ཏོག་ཙམ་ཁྱེར་ནས་ཁྱིམ་མིར་ལྷ་སར་འགྲོ་རྒྱུ་ཡིན་ཞེས་བཤད་པ་ཡིན། ལྷ་ས་དང་ཕ་ཡུལ་གྱི་ལམ་བར་དུ་ཁམས་སྟེང་ཆེན་ནས་ཡིན་པའི་ངའི་གྲོགས་པོ་ངོ་ཤེས་བློས་ཐུབ་ཅིག་གིས་ངའི་གནས་སྟངས་ཤེས་རྗེས་རི་རྩེར་བྲོས་ནས་ཡིབ་དགོས་ལུགས་བཤད་པ་མ་ཟད། ཐབ་སྣོད་ཀྱང་གྲ་སྒྲིག་བྱས་འདུག དེ་ནས་རི་རྩེར་ལོ་གཉིས་མ་ཟིན་ཙམ་རིང་སྡོད་དགོས་བྱུང་སོང། རི་རྩེར་བསྡད་རིང་དཀའ་སྡུག་མང་པོ་མྱངས་བ་བཤད་མི་དགོས་པ་རེད། གྲོགས་པོའང་མཚམས་རེར་མ་གཏོགས་སླེབས་མ་ཐུབ་པ་བྱུང་སོང། ཐེངས་གཅིག་བཟོད་མ་ཐུབ་པར་ཕྱིར་ནང་དུ་ལོག་དགོས་བསམས་ནས་གྲོང་ཚོའི་རི་རྩེར་སླེབས་ཏེ་གཤམ་དུ་ལྟ་དུས་ང་ཚོའི་ཁྱིམ་མཚེས་གྲོང་པའི་ཁང་སྟེང་དུ་གློག་དམར་པོ་དེ་འདྲ་བཙུགས་འདུག་སྟབས། དེ་ནི་རྒྱ་གཞུང་གིས་ལྐོག་ཉན་འཕྲུལ་ཆས་དང་ཡང་ན་དེ་མཚུངས་ཀྱི་གློག་སྣོད་དེ་འདྲར་དོགས་ནས་རང་ཁྱིམ་དུའང་ལོག་ཕོད་མ་སོང། དེ་རྗེས་སེམས་ཐག་བཅད་དེ་ལམ་ཁྲིད་ལ་རྒྱ་སྒོར་ཁྲི་གཅིག་དང་སྟོང་ལྔ་སྤྲོད་ཐབས་བྱས་ཤིང༌། ལམ་རོགས་བཅུ་གྲངས་ཁ་ཤས་དང་མཉམ་དུ་རྒྱ་གར་ལ་བྲོས་ཡོང་བ་ཡིན་”ཞེས་གསུངས་སོང། དེ་ནས་ཁོང་གིས་“སྣེ་ལེན་ཁང་ནས་བཀོད་འདོམས་ལྟར་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཤེས་བྱ་ཡོན་ཏན་ཏོག་ཙམ་སྦྱང་དགོས་བསམ་གྱི་འདུག དེ་རྗེས་འཆར་གཞི་ད་ལྟའི་ཆར་བཤད་ཤེས་ཀྱི་མི་འདུག་”ཅེས་གསུངས་སོང༌།
དེ་ནས་ཁོང་རྒྱ་གར་དུ་སླེབས་རྗེས་ཀྱི་ཚོར་བ་གང་འདྲ་བྱུང་མིན་དྲིས་པར། ཁོང་གིས་“ཐོག་མར་སླེབས་དུས་ཆུ་ལ་དྲི་ངན་བྲོ་བ་དང་ཟས་རིགས་ཏོག་ཙམ་མ་འཕྲོད་པ་བྱུང་ཡང༌། རྗེས་སུ་དེར་གོམས་སོང་ནས་འགྲིག་གི་འདུག་”ཅེས་འགྲེལ་བརྗོད་བྱས་སོང།།