གང་ཡང་མེད་པའི་སྔ་གཞུག་གི་ང་རང་།
གན་ཟེར་ནས་མཛུབ་མོ་འཛུགས་ཡུལ་གཅིག་མེད་པར།།
འདི་ཟེར་ནས་མིག་ལ་སྟོན་རྒྱུ་ཞིག་མེད་པར།།
མགོའི་སྐྲ་ལོ་བཞིན་དུ་ཉིན་ལྟར་དུ་ཟེགས་པ།།
འཁོར་འཇིག་རྟེན་འདི་ལ་ཡིད་ཐང་ནི་ཆད་ཀི།
དྲིན་དྲན་པའི་༧བླ་མའི་ཞལ་གཟུགས་རེ་བསྒོམ་དུས།།
དུས་མི་བརྟན་འགྱུར་རྒོད་ཚོར་ཤེས་ཀྱི་ཁུགས་ན།།
མི་ཁྲེལ་གཞུང་མེད་པ་ང་རང་གི་བསམ་བློ།།
ཡིད་གཏད་སོ་མེད་པ་སྟོན་མཇུག་གི་སྡོང་ལོ།།
ཁྲག་བསགས་པའི་དངས་མ་ཁུ་བ་ཡི་རིན་ཐང་།།
རིན་གཞལ་ཐབས་མེད་པའི་ལུས་པོ་ཞིག་བསྐྲུན་ཡང་།།
དེར་དགོས་པའི་ལེགས་ཉེས་རྣམ་དཔྱོད་ཀྱི་སྟོང་བའི།།
ད་བེམ་པོ་འདི་ལ་རེ་ལྟོས་ཤིག་དཀའ་མོ།།
འཁྲུལ་སྣང་བ་གནམ་མཁའི་འཇའ་རིས་ཀྱི་གཟུགས་བརྙན།།
སུས་རྟོགས་ནས་རང་གཤིས་བྲན་གཡོག་གི་བྱེད་པོ།།
དོན་མེད་པའི་མི་ལུས་གད་སྙིགས་ཀྱི་རི་ལ།།
ཞེན་ཆགས་པ་མེད་པའི་བརྡ་རྟགས་དེ་རྙེད་སོང་།།