༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་གྲུབ་པ།

ཞོགས་པ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་༸གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་དང། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་སོགས་ཀྱིས་སྤོས་སྣེས་གདན་ཞུ་བྱས་ནས་བཞུགས་ཁྲིར་འཁོད། དེ་ནས་བརྟན་བཞུགས་ཀྱི་ཆོ་ག་དབུ་འཛུགས་ཀྱིས་རིམ་པར་གྲུབ་རྗེས། ཁྲིམས་ཞིབ་པ་ཆེ་བ་དང། བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཞོན་བཅས་ནས་བརྟེན་གསུམ་འདེམས་འབུལ་དང་མཇལ་ཁ་ཞུས། དེ་ནས་ཁྲིམས་ཞིབ་པ་ལས་ཟུར་དང། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གཙོས་པའི་བཀའ་ཟུར་འགའ་ཞིག་དང། ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག རང་དབང་ཅན་གྱི་འགན་འཛིན་ལས་ཟུར་རྣམ་པ་ནས་མཇལ་ཁ་ཞུས་གྲུབ་རྗེས། བོད་གཞུང་མང་གི་སྐུ་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་དང་མཇལ་ཁ་ཞུས། དེ་ནས་རིམ་བཞིན་སྤྱི་འཐུས་ལས་ཐོག་རྣམ་པ་དང། སྐུ་བསྟེན་རྣམ་པ། དྲུང་ཆེ་ལས་ཐོག་རྣམ་པ་བཅས་ཀྱིས་རིམ་བཞིན་མཇལ་ཁ་ཞུས་སོང།2010123longlife offering-2

དེ་ནས་གཙུག་ལག་ཁང་གི་ཕོ་བྲང་མདུན་ཐང་དུ་༸གོང་ས་མཆོག་དབུ་བཞུགས་ཀྱི་དྲུང་དུ། བོད་གཞུང་ཟློས་གར་ཚོགས་པ་དང། གངས་སྐྱིད་ལས་བྱེད་སོགས་ཀྱིས་གཞས་སྣ་ཁག་ཅིག་གཟིགས་འབུལ་གྲུབ་རྗེས། ཕྱིར་ཕོ་བྲང་དུ་ཞབས་སོར་འཁོད་རན་པའི་སྐབས་སུ། ༸གོང་ས་མཆོག་གིས་སེར་སྐྱ་མི་མང་ཡོངས་ལ་ལམ་སྟོན་བཀའ་སློབ་བསྩལ་དོན། འདིར་ཕེབས་པའི་སེར་སྐྱ་མི་མང་ཚང་མ་ལ། དེ་རིང་འདིར་རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཚིགས་དང་བསྟུན་ནས། ཚེ་བསོད་དབང་ལུང་རྒྱས་པའི་རྟེན་འབྲེལ་གྱི་ཆོ་ག་དང་འབྲེལ་བའི་སྒོ་ནས་མང་ཚོགས་ཀྱིས་ཞབས་གཞས་འཁྲབ་རྒྱུ་བྱུང་བ་རེད། ཞབས་གཞས་འཁྲབ་སྟོན་ཟིན་པ་ཚོ་དང། འཁྲབ་པར་འགྱུར་བ་ཁག་མང་པོ་ཞིག་འདུག ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན། ང་ཚོ་ཚང་མས་ཤེས་གསལ་རེད། ངོ་གདོང་གི་གནས་ཚུལ་ལ་བལྟས་ཡོང་ན། ཚང་མ་སྣང་བ་སྐྱིད་པོ་དང། བག་ཕེབས་པོ་བྱེད་ཐུབ་པ་ཞིག་ཆགས་བསྡད་ཡོད་རེད། ཡིན་ན་ཡང་གཞི་རྩའི་གནས་ཚུལ་ལ་བསམ་བློ་བཏང་བ་ཡིན་ན། བོད་མི་རིགས་དེ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་དང། དེ་བཞིན་སོ་སོའི་རིག་གཞུང་རེད། དེ་དང་འབྲེལ་བའི་སངས་རྒྱས་ཀྱི་ཆོས་རེད། དེ་དག་ཚང་མ་གཉན་འཕྲང་དོག་པོ་ཞིག་གི་སྒང་ལ་བསྡད་ཡོད་རེད།

2010123longlife offering-5དེར་བརྟེན་ཁྱེད་རང་ཚོ་ཚང་མ་ཉིན་རེ་ཉིན་རེའི་སོ་སོའི་མི་ཚེའི་གནས་སྟངས་གཅིག་པུ་མ་ཡིན་པར། རྩ་བའི་ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་ག་འདྲ་ཞིག་གི་སྒང་ལ་བསྡད་ཡོད་རེད། དེ་ནམ་ཡང་བརྗེད་ཐབས་ཡོད་མ་རེད། གལ་ཆེ་ཤོས་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྒན་གཞོན་མེད་པ་ཚང་མ་ལྷག་བསམ་དང་སྙིང་སྟོབས་གཅིག་ཏུ་བསྒྲིལ་ནས་བསྡད་ཡོད་པ་གསལ་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད་རེད། ང་ཚོ་རང་མགོ་གང་ཐོན་བྱས་ནས་ཡོང་བ་མ་རེད། སྔར་ཆོས་རྒྱལ་ཚོའི་སྐབས་ནས་བོད་མི་རིགས་ཞེས་རིག་གཞུང་ཕྱུག་པོ་ཡོད་པ། མི་རིགས་རླབས་ཆེན་ཡིན་པ་དེ་འདྲའི་མི་རིགས་ཤིག་ཚུགས་ནས་ཡོད་པ་དེ་ང་ཚོའི་མི་རབས་འདིའི་སྐབས་ལ་ལས་འགན་ཧ་ཅང་ཆེན་པོ་འཁྲི་བསྡད་པའི་དུས་ཚོད་རེད། ཁྱེད་རང་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་གཏོང་བ་དང། ལྷག་བསམ། 2010123longlife offering-3སྙིང་སྟོབས་ཞུམ་པ་མེད་པ། སྐབས་སུ་བབ་པའི་ལས་འགན་གཙོ་བོ་ཤེས་བྱ་ཡོན་ཏན་སྦྱོང་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག བོད་རང་ཉིད་ཀྱི་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་དང། ལྷག་པར་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་ཟབ་པོ་ཡོད་པ་དེ། སེར་སྐྱ་དང་ཕོ་མོ་དབྱེ་བ་མེད་པར་ཚང་མས་དོ་སྣང་ཆེ་ཙམ་བྱེད་རྒྱུ་ངས་རྟག་པར་འབོད་སྐུལ་བྱེད་བསྡད་པ་དེ་རེད། འབོད་སྐུལ་བྱས་པ་ནང་བཞིན་ཁྱེད་རང་ཚོ་མང་པོ་ཞིག་གིས་འབོད་སྐུལ་ལ་དང་ལེན་བྱས་ནས་གང་ཡོང་གིས་འབད་བརྩོན་བྱེད་ཀྱི་འདུག ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་སློབ་གྲྭ་འགྲིམས་པའི་གཞི་རྩའི་ཤེས་ཡོན་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པ་དང། དེ་བཞིན་མཐོ་རིམ་སློབ་གྲྭར་ཕྱིན་ནས་ལག་ཁྱེར་ཁྱེར་རྒྱུ་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར། རིག་གནས་ཀྱི་སྡེ་ཚན་གང་ཡིན་ཡང་དེའི་ནང་དུ་སོ་སོ་རང་སྐྱ་འཕེར་བའི་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག

ང་ཚོ་འདིར་རང་དབང་ལུང་པའི་ནང་ལ་གོ་སྐབས་ཡོད་རེད། གོ་སྐབས་དེ་ཆུད་ཟོས་སུ་མི་གཏོང་བར་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བོད་ནང་ལ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཤེས་བྱ་ཡོན་ཏན་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ནས་ཚང་མས་དོ་སྣང་བྱེད་ཀྱི་ཡོད་པ་འདྲ། རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་དུང་ཡང་དེང་དུས་ཀྱི་ཤེས་ཡོན་དང། བོད་རང་གི་བཟང་པོའི་ཤེས་ཡོན་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་བསྡད་པ་དེ་ཕྱག་མཆོད་འབུལ་བྱེད་ས་དང། དད་པ་བྱེད་སའི་ཡུལ་ལྟ་བུར་མ་བཞག་པར་རང་ཉིད་ཀྱི་གཤིས་རྒྱུད་ལ་ཚང་བ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། རང་གི་གཤིས་རྒྱུད་ལ་ཚང་བ་ཞིག་བྱེད་དགོས་པ་ལ་ཤེས་དགོས་པ་རེད། ཐོས་ནས་ཤེས་པར་བྱེད་པའི་དགོས་པ་ཡང་བྱེད་པ་ཡིན་པས། ཐོས་པའི་དོན་དུ་ནུས་པ་ཐོན་པའི་ལག་ལེན་གྱི་གནད་དུ་བྱའོ་ཞེས་པ་བཞིན་ཤེས་དགོས་པ་རེད། ཤེས་པའི་དོན་དེ་སོ་སོའི་རྣམ་དཔྱོད་ཀྱིས་ཞིབ་འཇུག་བྱས་ནས་ངེས་པ་རྙེད་པ་ཞིག་བྱེད། ངེས་པ་རྙེད་པའི་དོན་དེ་སོ་སོའི་སྒོ་གསུམ་ལ་སྦྱར་ནས་འགྲོ་བ་ཡིན་ན། མི་ཚེ་བཟང་པོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག རང་ཉིད་ཡིན་ནའང་སེམས་སྐྱིད་པ་ལུས་བདེ་བ། གཡས་གཡོན་ཁོར་ཡུག་གི་མི་ཚོ་ཡིན་ཡང་རང་བཞིན་གྱིས་སེམས་བག་ཕེབས་པ། གཞན་ལ་འཚེ་བ་མི་བྱེད་པ་དེ་འདྲའི་སྤྱི་ཚོགས་ཤིག་ཡོང་ཐུབ་པར་ང་ཚོ་ལ་རྒྱུ་ཆ་ཡོད་རེད། ནུས་པ་ཡོད་རེད། ནུས་པ་དང་རྒྱུ་ཆ་དེ་ཤེས་པར་བྱས་ནས་མི་རིགས་དབྱེ་འབྱེད་ཡོད་མ་རེད། རྒྱལ་ཁབ་དབྱེ་འབྱེད་ཡོད་མ་རེད། ང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་དྲུག་ཅུ་ལྷག་ཡོད་པ་ཚང་མ་བདེ་བ་འདོད་པ་དང། སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། དེའི་ཐོག་ལ་བོད་ཀྱི་ཆོས་དང་རིག་གཞུང་གིས་ཏན་ཏན་ཞབས་འདེགས་ངེས་ཅན་བསྒྲུབ་ཐོབ་པའི་སྤོབས་པ་ཡོད་རེད། གཞན་ལ་སྤོབས་པ་དེ་སྟོན་པ་ལ་སྔོན་ལ་རང་ཉིད་ལ་ཚང་བ་ཞིག་དགོས་ཀྱི་རེད། རང་ལ་ཡོད་པའི་ཐོག་ནས་མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་ཀྱི་རེད། དེ་འདྲ་ཡིན་དུས་ང་ཚོ་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཚང་མ་ལ་སོ་སོའི་ཁྱད་ནོར་དང་གཅེས་ནོར་ཡོད་པ་དེ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། དེ་ལབ་སྙིང་འདོད་བྱུང། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་གནང་རྗེས་ཕྱིར་ཕོ་བྲང་དུ་ཆིབས་བསྒྱུར་གནང། དེ་ནས་མུ་མཐུད་ཚོགས་སྡེ་འདྲ་མིན་ནས་གཞས་སྣ་གཟིགས་འབུལ་ཞུས་ནས་མཛད་སྒོ་ལེགས་འགྲུབ་བྱུང་སོང།།