༧གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ཏུ་ཕེབས་པ།
ཟླ་འདིའི་ཚེས་༢༥ ཉིན་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱི་མཚན་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་སླད་སང་ཉིན་རྒྱ་ནག་ལ་འབྱོར་གྱི་ཡོད་ཅིང༌། འདི་ནི་འབྲེལ་མོལ་ཐེངས་དགུ་པ་དེ་ཆགས་ཀྱི་ཡོད་པ་དང་སྦྲགས་ཕྱི་ལོ་༢༠༠༢ ལོར་འགོ་བཙུགས་པའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་ཟླ་བ་བཅོ་ལྔ་བར་སྟོང་ལུས་པའི་རྗེས་སྐུ་ཚབ་རྣམས་རྒྱ་ནག་ལ་ཕེབས་ཐོན་གནང་ཡོད།
སྐུ་ཚབ་རྣམས་དང་ལྷན་དུ་ཁོང་རྣམ་པའི་ལས་རོགས་རྒན་གྲས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་དང༌། བུ་ཆུང་ཚེ་རིང༌། བཀའ་དྲུང་ཡིག་ཚང་གི་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་ཕེབས་ཡོད།
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་གནང་བའི་བོད་རྒྱ་ཞི་མོལ་སྐོར་ཉིན་གཉིས་རིང་གི་ཚོགས་འདུ་ཞིག་རྡ་རམ་ས་ལར་བསྐྱངས་ཏེ་པེ་ཅིང་དུ་གོ་བསྡུར་བྱ་དགོས་རིགས་ཐུགས་གཏན་འཁེལ་ཡོད་པ་རེད། ཕྱི་ལོ་༢༠༡༠ ཟླ་༡ ཚེས་༢༢ ཉིན་བཀའ་བློན་ཁྲི་པ་མཆོག་དང་སྐུ་ཚབ་རྣམ་པ་གཉིས་བཅས་ནས་ྋགོང་ས་མཆོག་ལ་གནད་དོན་དེའི་སྐོར་སྙན་སྒྲོན་ཞུས་པ་དང་ཆབས་ཅིག་བཀའ་སློབ་ལམ་སྟོན་ཡང་ཞུས་ཡོད་པ་རེད། སྐུ་ཚབ་རྣམས་ཟླ་བ་རྗེས་མའི་འགོ་སྟོད་ཙམ་ལ་རྒྱ་གར་དུ་ཕྱིར་ལོག་གནང་གི་ཡོད་ཅེས་འཁོད་ཡོད་པ་རེད།
༢༠༠༢ ལོར་འགོ་བཙུགས་ཏེ་བོད་རྒྱའི་འབྲེལ་མོལ་བྱས་པ་དང། འབྲེལ་མོལ་ཐེངས་ལྔ་པའི་སྐབས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་གསལ་པོ་ཤེས་ཡོད་སྐོར་བརྗོད་པ་དེར་བོད་ཕྱོགས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱས་ཀྱང། ཅུང་མ་འགོར་བར་རྒྱ་ནག་གིས་སྔར་ལྟར་ཏཱ་ལའི་བླ་མས་རང་བཙན་རྩོད་ཀྱི་ཡོད་སྐོར་གྱིས་སྐྱོན་བརྗོད་བྱས། འབྲེལ་མོལ་ཐེངས་དྲུག་པའམ་བདུན་པའི་སྐབས་བོད་ཀྱི་དགོས་འདུན་གང་ཡིན་གསལ་ཁ་མི་འདུག་པས། དགོས་འདུན་གང་ཡིན་གསལ་པོ་ཞིག་དགོས་སྐོར་བརྗོད་པར་བརྟེན། ༢༠༠༨ ལོའི་ཕྱི་ཟླ་༡༡ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། བོད་གཞུང་གི་ངོས་ནས་ས་གནས་རང་སྐྱོང་སྐོར་གྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་པ་དང། རྒྱ་ནག་གི་ངོས་ནས་མུ་མཐུད་༧གོང་ས་མཆོག་གིས་རང་བཙན་འཐབ་རྩོད་གནང་གི་ཡོད་སྐོར་གྱིས་མཚན་སྨོད་འདྲ་མིན་ཞུས་པ་ལས། ཡིག་ཆར་ངོས་ལེན་གང་ཡང་བྱས་མེད། ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་གཞུང་གི་ངོས་ནས་ཞི་མོལ་གྱི་ཆེད་དང། གཟིགས་སྐོར་གྱི་ཆེད་དུ་སྐུ་ཚབ་ཐེངས་ཁ་ཤས་བོད་དུ་ཕེབས་ནས་བོད་ནང་གི་མི་མང་ལ་ཐུག་འཕྲད་གང་མང་ཐུབ་པ་སོགས་ཕྱིའི་རྣམ་པ་དེའི་སྐབས་ཅུང་གུ་ཡངས་པ་ཡོད་པ་ལྟ་བུ་མངོན་ཡང། གྲུབ་འབྲས་གང་ཡང་མ་ཐོན་པར་རྒྱ་བོད་བར་གྱི་ཐད་ཀའི་འབྲེལ་མོལ་ཆད་ཡོད་པ་རེད།
༢༠༠༢ ལོར་འགོ་འཛུགས་བྱས་པའི་འབྲེལ་མོལ་དང་དེའི་སྔོན་གྱི་འབྲེལ་མོལ་གཉིས་ཀྱི་ཁྱད་པར་ནི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཐུབ་ཡོད་པ་དེ་རེད། ད་ལྟ་བོད་གཞུང་གི་མངོན་འདོད་དེར་འགྱུར་བ་མེད་པའི་ཡིག་ཆ་རྒྱ་ནག་གཞུང་གི་ཅོག་ཙེའི་ཐོག་བཞག་ཡོད་པས། རྒྱ་ནག་གིས་ངོས་ལེན་བྱེད་མིན་ཙམ་ལས། བསྐྱར་དུ་གྲོས་མོལ་ཞིག་བྱེད་རྒྱུ་མེད་པ་ལྟ་བུ་རེད་མོད། ༢༠༠༨ ལོར་ཐད་ཀའི་འབྲེལ་མོལ་ཆད་རྗེས་ཀྱང། ༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་མུ་མཐུད་རྒྱ་ནག་དང་མཉམ་དུ་གྲོས་མོལ་ཡོང་ཐབས་ལ་འབད་བརྩོན་གནང་བ་དང། རྒྱལ་སྤྱིའི་ནང་གི་དབུ་ཁྲིད་མང་པོས་བོད་རྒྱ་འབྲེལ་མོལ་མུ་མཐུད་དགོས་སྐོར་གྱིས་འབོད་སྐུལ་ཐེངས་མང་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་ངོས་ནས་བོད་གཞུང་དང། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་སྔར་ལྟར་བྱེད་བཞིན་ཡོད་ལ་བོད་ནང་དུ་དམ་དྲག་ཀྱང་སྔར་བཞིན་བྱེད་བཞིན་ཡོད་པ་རེད། །