གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ངོ་སྤྲོད། ་དང་པོ།
ཚོགས་པའི་དམིགས་ཡུལ་དང་རྒྱུ་མཚན།
ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ནི། གངས་ལྗོངས་ཆོལ་གསུམ་གྱི་ས་གནས་ཡོངས་རྫོགས་ལ་མི་རིགས་གཞན་གྱིས་ཐེ་གཏོགས་མེད་པར་རང་སྲུང་བྱེད་པའི་དབང་ཚད་ཆ་ཚང་ལྡན་པའི་གོང་བུ་གཅིག་གྱུར་གྱི་བོད་ཡུལ་ཞིག་རྩོད་ལེན་བྱེད་རྒྱུ་ཡིན། དམིགས་ཡུལ་འདི་འཛིན་དོན་ནི། དེང་སྐབས་བོད་ཀྱི་རྩོད་ལེན་ལ་དམིགས་ཡུལ་མི་འདྲ་བ་གཉིས་ཡོད་སྟབས་ཕྱོགས་ལྷུང་མེད་པར་ནུས་ཤུགས་གཅིག་ཏུ་སྒྲིལ་ཐབས་སུ་ཀུན་ཁྱབ་ཀྱི་དམིགས་ཡུལ་ལམ་ལངས་ཕྱོགས་མངོན་པར་བྱས་པ་ཡིན།
ཚོགས་པའི་ཐབས་ལམ།
ཚོགས་པ་འདིའི་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་ནི་གུ་ཡངས་དཀྱེལ་ཆེའི་ལྟ་ཚུལ་རྨང་གཞིར་བྱས་པའི་ཐོག་ནས་གྲོས་མོལ་དང་ཟབ་སྦྱོང་བགྲོ་གླེང་། འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་ཁྲོམ་སྐོར་དང་། ཟས་བཅད། གོམ་བགྲོད་སོགས་སྤེལ་རྒྱུ་དང་། ལྷག་པར་བོད་དོན་རྩོད་ལེན་བྱེད་པའི་ཚོགས་སྡེ་ཁག་གིས་བློ་རིགས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ནས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདོན་དགོས་པ་ཚོགས་པ་འདིའི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་གཙོ་བོ་ཡིན།