གོང་ས་མཆོག་གི་བཀའ་ཅི་ཞིག་རེད།
གོང་ས་མཆོག་གི་བཀའ་ཅི་ཞིག་རེད། ང་སྔོན་མ་སློབ་ཕྲུག་ཡིན་དུས་ཁྱེད་ཀྱིས་ང་ལ་བོད་ཀྱི་སྐད་ཡིག་ཡུལ་སྲོལ་གོམ་གཤིས་ཟེར་བ་ཧ་ཅང་གལ་ཆེན་པོ་རེད་ཟེར། རྒྱུ་མཚན་ནི་བོད་ཀྱི་ངོ་བོ་དང་སྲོག་རྩ་རེད་ལ། བོད་པས་སྐད་ཡིག་བརླག་སོང་ན་བོད་མི་རིགས་བརླགས་ཚར་པ་རེད་ཟེར། བདེན་པ་རེད། ཡིན་ན་ཡང་སྐད་ཡིག་ལ་སྦྱང་དགོས་པ་དང་ཡུལ་སྲོལ་གོམ་གཤིས་མ་བརླག་པ་བྱེད་རྒྱུ་ནི་གོང་ས་མཆོག་གི་བཀའ་རེད་ཅེས་གསུང་བྱུང་། བྱས་ན་ཁྱེད་རང་དབུ་འཛིན་ནམ་སློབ་སྤྱི། ཡང་ན་དགེ་རྒན་ཆེན་མོའམ་དགེ་རྒན་ཞིག་རེད། ཁྱེད་ཀྱིས་རྐུབ་བཀྱག་ཞིག་མནན་ཡོད་པ་དེ་ཡང་གོང་ས་མཆོག་གི་བཀའ་སྒྲུབ་ཀྱི་ཡོད་པ་ལས་བོད་མི་ཞིག་གི་འོས་འགན་ཡིན་པ་གླེང་མ་མྱོང་། མ་རེད། ཐེངས་གཅིག་གླེང་པ་རེད་དེ། དེ་ཡང་གོང་ས་མཆོག་གི་བཀའ་ཡིན་ཡིན་པ་རེད།
གོང་ས་མཆོག་གི་བཀའ་ཅི་ཞིག་རེད། ང་སླེབས་སའི་ཟབ་སྦྱོང་ཚང་མའི་ནང་ཁྱེད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་གླེང་སོང་ལ། ལམ་དབུ་མར་ང་ཚོ་ཤར་བསྐྱོད་དགོས་རེད་ཟེར། རྒྱུ་མཚན་གོང་ས་མཆོག་གི་བཀའ་རེད་ཅེས་པ་ལས་ཁྱེད་ཀྱིས་འགྲེལ་བཤད་གང་ཡང་བྱས་མ་སོང་ལ། བྱེད་དགོས་དོན་མེད་པའི་རྒྱུ་མཚན་ནི་ཁྱེད་ཀྱིས་གོང་ས་མཆོག་གི་ཡེ་ཤེས་དཔྱིངས་དཔྱད་ཡིན་པས་རེད་ལ་བཀའ་ཟབ་མོ་རེད་ཅེས་བཤད་སོང་། དེ་བཞིན་ཁོང་གིས་བོད་རང་བཙན་དེ་ཡང་གོང་ས་མཆོག་གི་བཀའ་དགོངས་ལས་འགལ་བ་མེད་པ་རེད་ཅེས་པ་ལས་ལྟ་གྲུབ་གྱི་རྨང་གཞི་དང་ལས་འགུལ་གྱི་ཐབས་ལམ་སོགས་གང་ཡང་གླེང་མ་སོང་། གང་ལྟར་རྣམས་པ་ཚང་མས་བོད་མའི་རྩ་དོན་འདི་ལྕགས་སྒམ་ཞིག་ཡིན་ན་ཟུར་གདོང་བཞིའི་རང་རང་གི་ཐད་ནས་འབུད་རྒྱག་རེ་བྱས་པ་ཙམ་པོ་དེ་ཡང་རང་ཉིད་ཀྱིས་འགན་ཁུར་མིན་པར་གོང་ས་མཆོག་གི་བཀའ་དགོངས་ཡིན་པའི་རྒྱབ་ལྗོངས་ཁོ་ན་ཙམ་རེད།
གོང་ས་མཆོག་གི་བཀའ་ཅི་ཞིག་རེད། དེ་རང་ང་འདིར་མང་ཚོགས་སུ་སླེབས་སྐབས་ཀྱང་ཁྱེད་ཀྱིས་བཀའ་སློབ་ལམ་སྟོན་གནང་སོང་། ནང་དོན་ཚང་མ་བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཁོ་ན་རེད། ང་ཚོས་ངེས་པར་དུ་སྒྲུབས་དགོས་པ་རྐྱང་རྐྱང་རེད། ང་ཚོ་མང་གཙོ་ཡིན་ཙང་དེ་ལ་ཡར་བསམ་ཚུལ་ཡང་འདོན་ཆོག་གི་རེད་མོད། ཁྱེད་ཀྱིས་གོང་ས་མཆོག་གི་བཀའ་བཀླགས་པ་ཡིན་ཙང་ཁྱེད་ཀྱི་གཏམ་བཤད་ཚང་མ་བཀའ་ཆགས་ཚར་བ་རེད། གལ་ཏེ་མང་ཚོགས་སུ་ཞིག་གིས་ཁྱེད་ལ་བཀའ་འདྲི་ནན་མོ་ཞིག་བྱས་ན། དེ་ནི་གོང་ས་མཆོག་གི་བཀའ་ལ་དྲིས་པ་རེད། ང་དེ་ནས་བཟུང་ནག་པོ་ནག་རྐྱང་ཞིག་ཆགས་ཚར་པ་རེད། གཞན་པའི་རྒྱུ་མཚན་དགོས་ཀྱི་མ་རེད།
གོང་ས་མཆོག་གི་བཀའ་ཅི་ཞིག་རེད། འོ་ན་ཁྱེད་རང་གིས་དོན་དངོས་ཐོག་གོང་ས་མཆོག་གི་བཀའ་བསྒྲུབ་ཀྱི་ཡོད་དམ། ཁྱེད་ཀྱིས་མི་མང་ལ་གཏམ་བཤད་སྤེལ་ན། ཕྱི་ཚོང་ནང་ཚོང་བརྒྱབ་ན། སྲིད་དོན་འཁྲབ་ན། གང་ལྟར་ཁྱེད་ཀྱིས་གོང་ས་མཆོག་གི་བཀའ་ཁ་ལ་འཁྱེར་རྐྱང་བྱེད་ཀྱི་འདུག འགོ་བཀའ་བློན་ནས་འོག་གཞིས་འགོ་བར་གྱི་གཏམ་བཤད་པ་ཚང་མས་གཏམ་བཤད་སྐར་ཆ་ལྔ་ལས་མ་བྱས་ཀྱང་གོང་ས་མཆོག་གི་བཀའ་ཟེར་བ་བགྲངས་ཀྱིས་མི་ལང་པ་ཞིག་སྒྲོག་གི་འདུག བཟང་ངན་ཡག་བཙོག་གང་གླེང་ན་གོང་ས་མཆོག་གི་བཀའ་རེད་ཟེར་གྱི་འདུག ད་དུང་ང་ཚོས་མི་མཐོང་སའི་ཁྱེད་རང་མ་ཅཱང་དང་ཏག་སེ་རྒྱན་རྩེད་ཁོ་ནར་གཡང་པར་བྱེད་པ་ཡང་གོང་ས་མཆོག་གི་བཀའ་ཡིན་རེད་དམ། ཁྱེད་ཀྱིས་བུ་ཕྲུག་ཕྱི་རྒྱལ་དུ་གཏོང་བ་དང་། ས་ཁང་ཚོང་བསྒྱུར་བྱ་རྒྱུ། ཞིང་ཁར་ཁང་པ་རྒྱག་རྒྱུ། ལྐོག་ཟ་བྱེད་རྒྱུ། ལྟག་སྒོ་འགྲུམ་རྒྱུ་འདི་ཚོ་ཚང་མ་གོང་ས་མཆོག་གི་བཀའ་ཡིན་དགོས་ཀྱི་རེད་དམ།
གོང་ས་མཆོག་གི་བཀའ་ཅི་ཞིག་རེད། ཁྱེད་ཀྱི་མདུན་ན་གོང་ས་མཆོག་གི་བཀའ་འདི་ཡོད་ན། གད་སྙིག་འཕྱག་པའི་འཕྱག་མ་དང་ཐབ་སྣོད་ཕྱི་པའི་ཐབ་ཕྱིས། ཁྱེད་རང་དཀར་པོ་དང་གཞན་པ་ནག་པོ་བཟོ་བྱེད། ཁྱེད་ལ་སྐུབ་བཀྱག་ཐོབ་པ་དང་གཞན་པ་མར་ལ་ཕབས་བྱེད། མང་ཚོགས་མགོ་སྐོར་གཏོང་བྱེད། སྤྱི་དོན་ཁ་འཁྱེར་དང་རང་དོན་ཁོག་བསྒྲུབ་བྱེད་བྱད། ལག་ཕྱི་ས་དང་ཁ་གཡར་ས། སྤྲེལ་ལད་དང་ངོ་འཚོ་ས། གང་ལྟར་ཡོད་ཚད་སྒྲུབ་བྱེད་ཀྱི་ལག་ཆ་གཅིག་པུ་ཡིན་པས་མ་ཚད། དེ་མེད་ན་ཁྱེད་ལ་ཐབས་མེད་རེད། བླ་སྤྲུལ་དང་བཀའ་བློན། སྤྱི་འཐུས་དང་ས་གནས་འགོ་འཛིན། ཚོགས་གཙོ། དགེ་རྒན། ད་དུང་དགེ་བསྐོས་ལ་སོགས་པ་ཁྱེད་ཚོ་ཚང་མས་གོང་ས་མཆོག་གི་བཀའ་ཡི་གོ་ཁྲབ་གྱོན་ཞིང་། གོང་ས་མཆོག་གི་བཀའ་ཡི་འཁོར་གསུམ་བསྐོར་ནས་རང་དོན་གྱི་གཡུལ་ལ་ཆས་ནས་ང་ཚོའི་ལུས་ངག་ཡིད་གསུམ་ལ་བཟློག་ཏུ་མེད་པའི་བཀའ་རེ་ཕབས་དུས། ང་ཚོ་མི་སེར་དང་སློབ་ཕྲུག དགེ་འདུན་པ་གཉོམ་ཆུང་ཚོ་ནི་སྙིང་རྗེ་ཡག་ཞིག་རེད། ཤ་ཚ་ཡག་ཅིག་རེད། དོན་དངོས་ཐོག་ང་ཚོར་ཁྱེད་ཀྱིས་སྤྱི་ནོར་༸གོང་ས་མཆོག་གི་བཀའ་དགོངས་ངོ་མ་ཞིག་བསྒྲུབ་དབང་སྤྲད་ཡོད་དམ། དེར་བརྟེན་ངས་དེ་རིང་ཁྱེད་ཚོའི་ཁ་ནང་གི་གོང་ས་མཆོག་གི་བཀའ་ཅི་ཞིག་རེད་ཅེས་འདྲི་འདོད་བྱུང་། དེ་བཞིན་གལ་ཏེ་ཁྱེད་ལ་གོང་ས་མཆོག་གི་བཀའ་དེ་མེད་ན་ག་འདྲ་རེད་ཅིས་ཀྱང་དྲིས་པ་ཡིན།