ཨོ་རི་ས་རུ་གློ་བུར་དུ་མི་ཞིག་༧གོང་ས་མཆོག་གི་ཆིབས་གྲུའི་ཐོག་མཆོངས་སོང་ཟེར།

ཆིབས་ཞབས་སུ་བཀའ་ཁྲི་དང་སྐུ་སྲུང་ཁག་ཅིག་བཅས་ཞབས་འབྲངས་པ་ལྔ་དྲུག་ཅིག་འདུག ཆིབས་བསྒྱུར་གྲུབ་པའི་རྗེས་སུ་དགོན་པའི་མདུན་ཐང་གི་ཇ་ཁང་ཞིག་ཏུ་ཕྲན་དང་ལྡི་ལི་རུ་གནས་བཞུགས་སྨན་པ་ཉི་མ་ཚེ་རིང་དང། ཨ་རིར་གནས་བཞུགས་མཁས་དབང་བློ་བཟང་སེང་གེ་བཅས་ཀྱིས་ཇ་འཐུང་ནས་སྡོད་པའི་སྐབས་ཕོ་སར་ཞིག་ཡོང་ནས། ༧གོང་ས་མཆོག་གཞིས་གྲོང་དུ་ཆུ་མཛོད་སོགས་ལ་གཟིགས་སྐོར་དུ་ཕེབས་ཆེད་གཞིས་གྲོང་དང་པོའི་ནང་ཡོད་པའི་མགྲོན་ཁང་གི་སྒོ་རུ་ཆིབས་བསྒྱུར་གནང་བཞིན་པའི་སྐབས།གློ་བུར་དུ་ཕོ་སར་ཞིག་ཆིབས་གྲུའི་ཐོག་ཏུ་མཆོངས་འདུག་པ་དང། ཉེན་རྟོག་པས་འཇུ་ཟུང་བྱས་འདུག མི་དེ་ཨོ་རི་ས་གཞིས་ཆགས་ཀྱི་མི་མ་ཡིན་པར་ཕྱོགས་གཞན་དག་ནས་ཡོང་བའི་མི་ཞིག་རེད་འདུག དེ་ནས་༧གོང་ས་མཆོག་གིས་གཟིགས་སྐོར་གནང་མཚམས་བཞག་ནས་གནམ་གྲུ་བརྒྱུད་ནས་ཆིབས་བསྒྱུར་གནང་སོང་ཞེས། བརྗོད་སོང། གནས་ཚུལ་དེ་མི་མང་ཚང་མའི་ཁ་རུ་གོ་རྒྱུ་འདུག་ཀྱང་། མི་དེ་སུ་ཡིན་པ་དང། གང་ནས་ཡོང་བ། ག་རེ་བྱེད་མཁན་ཡིན་མིན་སོགས་ཐག་བཅད་ནས་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག

དེ་ནས་ང་གཞིས་གྲོང་ལྔ་པ་རུ་སོང་བ་དང། དེ་རུ་ངོ་ཤེས་པ་མི་ཚང་ཞིག་གི་ནང་དུ་སླེབས་པའི་སྐབས་ནང་དེའི་པ་ལགས་ཀྱིས་མི་དེ་ཉེན་རྟོག་པས་རླངས་འཁོར་ནང་བཞག་འདུག་པ་ངས་མཐོང་སོང། གཞིས་ཆགས་འདིའི་མི་རེད་མི་འདུག ཕོ་སར་ཁ་ཤས་ཀྱིས་ཁོ་ལ་ཁུ་ཚུར་གཞུས་པ་དང། བུད་མེད་མང་པོ་ཞིག་གིས་མཆིལ་མ་འདེབས་པ་དང། ཐུ་ལུད་རྒྱག་པ། ཁ་རྡུང་གཏོང་བ་སོགས་བྱས་སོང། ཕོ་སར་དེས་སྟོད་གོས་དམར་ཧྲེང་དུ་ཕུད་ནས་ཕྲེང་བ་ཆེན་པོ་ཞིག་སྐེ་ལ་གོན་འདུག་པ་དང་། གདོང་ཡོངས་ལ་མཆིལ་མ་དང་ཁ་ལུད་ཀྱིས་ཁེངས་འདུག མི་དེ་གཞིས་ཆགས་འདི་ནས་མ་རེད། ཚང་མས་དྷ་རམ་ས་ལ་ནས་ཡོང་བ་དང། གསར་འབྱོར་ཞིག་རེད་འདུག་ཅེས་བརྗོད་ཀྱི་འདུག་ཟེར།

དེ་ནས་གཞིས་གྲོང་དེའི་མི་ཚང་གཞན་ཞིག་ཏུ་སོང་བའི་ཚེ་མི་དེ། ཉི་མ་ཁ་ཤས་ཀྱི་སྔོན་ནས་གཞིས་ཆགས་དེར་སླེབས་འདུག་པ་དང། གསུང་ཆོས་ཞུ་བར་ཡང་བཅར་འདུག ཁ་སང་མི་གཅིག་ལ་ཨ་སྒོར་༢༠༠ ཁུར་ནས་འདི་ཧིན་སྒོར་ལ་བརྗེ་རོགས། ཨ་སྒོར་རེ་ལ་ཧིན་སྒོར་ག་ཚོད་སྤྲད་ཁྱེད་རང་གིས་ཤེས་ཞེས་བརྗོད་སོང། གང་ལྟར་ཁོ་ལ་ལས་ཀ་ཞིག་ཡོད་ཐག་ཆོད་རེད་འདུག་ཅེས་ཟེར།

ཕྱི་ཚེས་༡༣ གྱི་དགོང་མོ་ང་མི་ཚང་དེ་རུ་བསྡད་པ་དང་། ཞོགས་པ་སླར་ཡང་རི་དགོན་དུ་འབྱོར་བའི་སྐབས་མི་དེ་ཐོག་མ་འཇུ་བའི་སྐབས་དབྱིན་སྐད་ཁོ་ན་ལས་རྒྱག་གི་མི་འདུག་ཅེས་ཟེར། གང་ལྟར་ཨོ་རི་ས་གཞིས་ཆགས་ཀྱི་མི་མང་པོ་ལ་དེའི་སྐོར་དྲིས་ཀྱང་ཁ་གསལ་པོ་ཞིག་ཤོད་ཀྱི་མི་འདུག

གད་མོ་ཤོར་དགོས་པ་ཞིག་ལ་ས་གནས་བུད་མེད་ཚོགས་པས་གཞིས་ཆགས་དེ་རུ་ལོ་ཤས་སྔོན་དམག་པར་ཡོང་བ་ཞིག་ཡོད་པ་དེ་ཡིན་ཤག་བྱས་ནས་ཁོང་ལ་ཉེས་རྡུང་བཏང་སོང་ཟེར། གང་ལྟར་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་དང། ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་བའི་དཔེ་བཞིན་སྐད་ཆ་འདྲ་མིན་མང་པོ་ཞིག་ཆགས་འདུག ངས་ཞིབ་ཕྲ་ཞིག་རྩད་གཅོད་བྱེད་བསམ་ཡང་། ༧གོང་ས་མཆོག་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་ཟིན་པས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དེར་ཕེབས་ཚར་འདུག གཞན་རྣམས་ཀྱིས་གོང་དུ་བརྗོད་པ་བཞིན། གནས་ཚུལ་ཁ་གསལ་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག རྗེས་སུ་ཞིབ་ཕྲ་ཤེས་སོང་ན་དྲ་གྲོགས་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན། ཁ་སང་དུས་ཐོག་འབྲི་བསམ་ཡང་། གཞིས་ཆགས་དེར་དྲ་རྒྱའི་བརྒྱུད་ལམ་དཀོན་པས་གཏོང་ཐུབ་མ་སོང། དེ་རིང་བྷོམ་བྷ་ནི་ཤི་ཝར་དུ་འབྱོར་བའི་རྗེས་མེ་འཁོར་འབབ་ཚིགས་སུ་བྲིས་པ་ཡིན། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༤ ཉིན།