བོད་པའི་ཐ་སྙད་གསར་པའི་མིང་མཛོད་གཉིས།

tstam lodus book 2དེབ་དེ་གཉིས་ནི་མདོ་དབུས་ཁམས་གསུམ་གྱི་མཁས་པ་ཉི་ཤུ་ལྷག་གིས་རྩོམ་སྒྲིག་གནང་བ་དང། མཁས་པ་སུམ་ཅུ་ཙམ་ལས་ཞུགས་བྱས་ཏེ་གསར་རྩོམ་དང། སྒྲིག་སྦྱོར་བྱས་པ་ཞིག་རེད། བོད་མི་རིགས་དང་རིག་གཞུང་ཆག་འཇིག་གི་དུས་སྐབས་འདིར་མིང་མཛོད་གསར་པ་འདི་འདྲ་ཞིག་པར་སྐྲུན་གནང་བ་ནི་མི་རིགས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་ལ། མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་ཞིག་མཉམ་འཛོམས་ཀྱིས་ཕྱག་ལས་གནང་བ་ཞིག་ཡིན་པས། ལུང་ཚན་རེ་ཟུང་གི་ཡུལ་སྐད་ལྟ་བུ་མིན་པ་དང། ཐ་སྙད་གསར་པ་དེ་ཚོ་བེད་སྤྱོད་བྱེད་མ་བདེ་བའི་བོད་པའི་རིག་གཞུང་དང་འབྲེལ་མེད་ལྟ་བུའི་ཐ་སྙད་ཀྱང་ཤིན་ཏུ་ཉུང་བས། ཚང་མས་ཐ་སྙད་གསར་པ་དེ་དག་ལ་ཐུགས་སྣང་དང་ལག་བསྟར་བྱེད་ཆོག་པའི་ཁྱད་ནོར་ཞིག་རེད་འདུག།ང་ཚོ་ཚང་མས་བོད་པའི་ཐ་སྙད་ཀྱིས་འདང་གི་མེད་པའི་སྐད་ངན་སྒྲོག་མཚམས་བཞག་ནས། ཐ་སྙད་གསར་པ་འདི་དག་སྦྱང་རྒྱུའི་དུས་ཚོད་ལ་སླེབས་འདུག
མིང་མཛོད་དེའི་སྒྲིག་སྟངས་གསལ་བཤད་ཀྱི་ནང་དུ་འཁོད་དོན། “རྒྱ་བོད་དབྱིན་གསུམ་གྱི་གསར་དུ་བྱུང་ཞིང་རྒྱུན་བཀོལ་གྱི་འཚོ་བའི་ཁྲོད་དུ་རྒྱུག་ཆེ་བའི་དེང་རབས་ཀྱི་ཚན་རིག་དང་དཔལ་འབྱོར་དང་རིག་གནས་སོགས་ཀྱི་ཚིག་ཚན་འགྲེལ་བ་དང་བཅས་པ་ཁྲི་ཕྲག་གཅིག་ལྷག་བསྡུས་ཡོད་པ་དང། སྔར་གྱི་མིང་མཛོད་རྣམས་སུ་མ་གྲགས་པའམ་གྲགས་ཀྱང་གཅིག་གྱུར་མ་བྱུང་བའི་རིགས་ལ་ཚད་ལྡན་བསྟན་བཅོས་སོགས་ཀྱི་ཁུངས་ལ་གཏུག་ཅི་ཐུབ་དང་བོད་ཀྱི་བརྡ་སྤྲོད་རང་གི་འགྲོས་དང་མཐུན་པར་ཞིབ་ཏུ་དཔྱད་ཅིང་གཏན་འབེབས་བྱས་ཡོད།    ཀུན་གྱིས་གོ་སླ་ཞིང་འཛིན་བདེ་བའི་ཆེད་དུ་འགྲེལ་བཤད་རྣམས་ས་ཁོངས་ཕྱེས་ཤིང་རྒྱས་བསྡུས་འཚམ་པར་བཀོད་ཡོད། གཉིས་པ། དཀར་ཆག་དང་གོ་རིམ་སྒྲིག་སྟངས། མིང་མཛོད་འདིའི་དཀར་ཆག་ནི་གཙོ་བོ་རྒྱ་ཡིག་གི་སྒྲ་ཡི་གོ་རིམ་ལྟར་བསྒྲིགས་ཤིང༌། བཙལ་བདེ་བའི་སླད་དུ་རྒྱ་ཡིག་གི་པིར་རིས་དང༌། བོད་ཡིག་གི་ཀ་མད་དང༌། དབྱིན་ཡིག་གི་གསལ་བྱེད་ཀྱི་རིམ་པའི་འཚོལ་བྱར་ཡང་ཟུར་དུ་བཀོད་ཡོད་ཅེས་”འཁོད་འདུག
མང་མཛོད་དེའི་མཇུག་བྱང་ནང་འཁོད་དོན། “རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པ་འདི་ནི་བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ་སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་པོ་གསུམ་གྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ། འདིར་ཁྱོན་ཐ་སྙད་༡༠༠༠༠ ལྷག་ཡོད།
ཐ་སྙད་དེ་རྣམས་ཀྱི་འགྲེལ་བ་ཕལ་མོ་ཆེ་ཞིག་དེང་རབས་རྒྱ་སྐད་ཚིག་མཛོད་ཅེས་པའི་པར་ཐེངས་ལྔ་པ་ལ་གཞི་བྱས་ཤིང༌། དེང་རབས་རྒྱ་སྐད་ཚད་ལྡན་ཚིག་མཛོད་ཅེས་པས་ཟུར་བརྒྱན་ཏེ་བྲིས་པ་ཡིན་ལ། ཚིག་མཛོད་དེ་གཉིས་ཀྱི་ནང་དུ་མི་གསལ་བ་དང་དམིགས་བསལ་གྱི་ཚིག་འགའ་རེ་ཡིད་རྟོན་ཕེར་བའི་ཁུངས་གཞན་དག་ལ་བརྟེན་ནས་བྲིས་སོ།།
དངོས་པོ་འགའ་ཞིག་ལ་མིང་རྒྱས་བསྡུས་གཉིས་རེ་བཀོད་ཡོད་པ་དེ་རྣམས་ལས་རྒྱས་པའི་ཐོག་ནས་གོ་བརྡ་འཕྲོད་པ་ན་གཙོ་བོ་བསྡུས་མིང་དེ་ལ་གོམས་པར་བྱས་ན་ལེགས། ཡང་མིང་འགའ་ཞིག་གི་རྗེས་སུ་ཡུལ་སྐད་ཀྱི་མིང་རེ་བཀོད་ཡོད་པ་དེ་དག་ནི་རེ་ཞིག་དེ་ལྟར་མ་བྱས་ན་ཡུལ་ལ་ལར་གོ་བརྡ་མི་འཕྲོད་པའི་དབང་གིས་ཡིན་ཡང་རིམ་གྱིས་སྤྱི་པའི་མིང་དེ་ལ་གོམས་ཤིང་བཀོལ་བར་བྱའོ།། བརྡ་འདི་རྣམས་གདགས་པའི་དུས་སུ་བརྗོད་བྱའི་དངོས་པོ་དེའི་ངོ་བོའམ་བྱེད་ལས་སོགས་ལ་འབྱོར་རམ་མི་འབྱོར་དང༌། དབྱིན་ཇི་དང་རྒྱ་ནག་གིས་མིང་ཇི་ལྟར་བཏགས་ཚུལ་དང༌། བོད་སྤྱིའི་ངག་ཐོག་དང་ཡིག་ཐོག་གཉིས་ཀ་ལ་བདེའམ་མི་བདེ་སོགས་ལ་ཞིབ་ཏུ་བརྟགས་ཤིང་བགྲོ་གླེང་ཡང་ཡང་བྱས་ནས་གཏན་ལ་ཕབ་པ་ཡིན་པས། ཡུལ་ཕྱོགས་རེ་འགའ་བར་རེ་ཞིག་བརྗོད་མི་བདེ་བ་དང་བརྡ་མི་འཕྲོད་པ་ཕྲན་བུ་འབྱུང་སྲིད་ཀྱང་བརྡ་སྤྲོད་སྤྱིའི་འགྲོ་ལུགས་དང་མཐུན་པའི་མིང་བརྡ་དག་ནི་ཅུང་ཙམ་གོམས་ན་སྐྱོན་དང་བྲལ་བའི་ཐ་སྙད་དུ་འགྱུར་འགྲོ་བ་ཡིན་ནོ།།  དེས་ན་ཡུལ་སྐད་ཕྱོགས་རེ་བ་ཙམ་ལ་བརྟེན་ནས་ཨུ་ཚུགས་དང་འཐེན་འཁྱེར་མི་བྱེད་པར་སྤྱིའི་ཐ་སྙད་ཅིག་ཆགས་སུ་འཇུག་པར་བྱེད་པ་གནད་དུ་ཆེ་བས་ཅིས་ཀྱང་ལག་ལེན་དུ་འདེབས་པ་གལ་ཆེའོ།། སླད་ནས་མིང་མཛོད་འདིའི་ཐ་སྙད་ཁྲི་གཅིག་པོའི་རྨང་གཞིའི་ཐོག་ཏུ་གསར་བྱུང་གི་ཐ་སྙད་དང་གཞན་ཡང་འདིར་མ་འདུས་པའི་དེང་རབས་ཀྱི་ཐ་སྙད་གཞན་པ་རྣམས་རིམ་བཞིན་ཁ་བསྐངས་ཤིང་དུས་དང་བསྟུན་པའི་ལེགས་བཅོས་བྱས་ནས་བོད་སྐད་ཀྱི་དེང་རབས་མིང་མཛོད་བརྗོད་བྱ་སྣ་འཛོམས་ཤིང་རྗོད་བྱེད་སྒྲོས་གཙང་བ་ཞིག་འོང་བའི་རེ་སྨོན་བྱེད་བཞིན་ཡོད། མིང་མཛོད་འདིར་ད་དུང་ཡང་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་མ་འདངས་པ་དང་ནོར་བ་ཡོད་ངེས་པས་མཁས་པ་རྣམས་ཀྱིས་ངེད་ཅག་ལ་འབྲེལ་བ་གནང་ནས་དགོངས་འཆར་ལྷུག་པར་སྩོལ་ཞིང་དག་བཅོས་མཛད་པར་ཞུའོ་”ཞེས་འཁོད་འདུག།
tstam lodus book 1<<རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་>>ཅེས་པའི་ནང་དུ་གནམ་རིག་ས་ཁམས་ཀྱི་སྐོར་དང། སྲོག་ཆགས་སྐོར། སྐྱེད་ཚལ་སྒྱུ་རྩལ་སྐོར། གྱོན་ཆས་སྐོར། བཟོ་སྐྲུན་སྐོར། བཟོ་སྐྲུན་རྒྱུ་ཆའི་སྐོར། རྩིས་འཕྲུལ་སྐོར། འཕྲིན་གཏོང་སྐོར། འཕྲུལ་ཆས་སྐོར་སོགས་སྡེ་ཚན་༣༥ ཚོན་ལྡན་པར་རིས་དང་བཅས་པ་འཁོད་ཡོད་པ་རེད།
<<རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་>>ཞེས་པའི་གཙོ་སྒྲིག་པ་ཚུལ་ཁྲིམས་བློ་གྲོས་དང། རྩོམ་སྒྲིག་པ། སྐལ་བཟང་ཆོས་འཕེལ།(སི་ཁྲོན།) སྐལ་བཟང་ཡེ་ཤེས།(མཚོ་སྔོན།) གུར་དགའ།(སི་ཁྲོན།) འགྱུར་མེད། (མཚོ་སྔོན།) རྒྱ་ཡེ་བཀྲ་པོ།(མཚོ་སྔོན།) འཇིགས་མེད་འགྲོ་ཕན།(མཚོ་སྔོན།) འཇུ་སྐལ་བཟང།(མཚོ་སྔོན།) ཉན་ཤུལ་འཇམ་དབྱངས་གྲགས་པ།(སི་ཁྲོན།) ཉན་ཤུལ་ཐུབ་བསྟན་དགེ་ལེགས།(བོད་ལྗོངས།) ནོར་མོ་(བོད་ལྗོངས།) པད་མ་བདུད་འདུལ།(མཚོ་སྔོན།) དཔལ་ལྡན་ལེགས་བཤད།(སི་ཁྲོན།) དཔལ་མཛོད།(སི་ཁྲོན།) ཕུན་ཚོགས་དོན་གྲུབ།(བོད་ལྗོངས།) བྱམས་པ་རྡོ་རྗེ།(སི་ཁྲོན།) བརྩོན་འགྲུས། (སི་ཁྲོན།) ཚེ་རིང་དབང་ཕྱུག(བོད་ལྗོངས།) ཟླ་བ་བློ་གྲོས།(མཚོ་སྔོན།) ཡེ་ཤེས་རྡོ་རྗེ།(སི་ཁྲོན།) རིག་འཛིན།(སི་ཁྲོན།) སངས་རྒྱས། (མཚོ་སྔོན།) བསོད་དར་རྒྱས།(སི་ཁྲོན།) བཅས་ཡིན་པ་རེད།
ལས་ཞུགས་མི་སྣ། ཀུན་ལྡན་དབང་པོ།(བོད་ལྗོངས།) དཀོན་མཆོག་རྒྱ་མཚོ།(བོད་ལྗོངས།) དཀོན་མཆོག་བསྟན་འཛིན།(སི་ཁྲོན།) བཀྲ་ལོ།(མཚོ་སྔོན།) བཀྲ་ཤིས།(སི་ཁྲོན།) བཀྲ་ཤིས་དོན་གྲུབ།(ཡུན་ནན།) སྐལ་བཟང་འབྲུག་གྲགས།(སི་ཁྲོན།) ཁ་སྒང་བཀྲ་ཤིས་ཚེ་རིང།(ཀན་སུའུ།) གར་དབང།(མཚོ་སྔོན།) རྒྱ་མཚོ།(སི་ཁྲོན།) རྒྱལ་མཚན་ཚེ་རིང།(ཀན་སུའུ།) སྒྲོལ་མ་མཚོ། (སི་ཁྲོན།) འཇམ་དབྱངས་རྒྱ་མཚོ།(མཚོ་སྔོན།) གཉགས་ཆོས་ཉིད་རྡོ་རྗེ།(སི་ཁྲོན།) རྟ་མགྲིན་རྡོ་རྗེ།(པེ་ཅིང།) བསྟན་པ་ཡར་རྒྱས།(བོད་ལྗོངས།) དུར་བུད་མཚོ་སྐྱེས་རྡོ་རྗེ།(མཚོ་སྔོན།) རྡོ་རྗེ་དོན་གྲུབ། (སི་ཁྲོན།) པད་མ་ཚུལ་ཁྲིམས།(སི་ཁྲོན།) མུ་པོ།(སི་ཁྲོན།) རྨོག་རུ་དོན་གྲུབ་ཚེ་རིང།(མཚོ་སྔོན།) ཚངས་པོ།(པེ་ཅིང།) ཚེ་རིང་རྒྱ་མཚོ།(སི་ཁྲོན།) ཡེ་ཤེས་དར་རྒྱས།(སི་ཁྲོན།) ཡེ་ཤེས་དོན་འགྲུབ།(སི་ཁྲོན།) སངས་རྒྱས་དོན་གྲུབ།(བོད་ལྗོངས།) བསམ་འཕེལ་(སི་ཁྲོན།) བཅས་ཡིན་པ་དང། མང་མཛོད་དེ་གཉིས་ཀྱི་རྩོམ་སྒྲིག་པ་མང་ཆེ་བ་གཅིག་པ་ཡིན་པ་དང། རྩོམ་སྒྲིག་པ་དང། ལས་ཞུགས་པའི་མཚན་འབྲི་སྟངས་དེབ་དེའི་མཇུག་ཏུ་འཁོད་སྟངས་ལྟར་བྲིས་ཡོད། མིང་མཛོད་དེ་གཉིས་རྩོམ་མཁན་ནང་དུ་བོད་ཆོལ་ཁ་གསུམ་གྱི་ས་གནས་གང་ས་ནས་ཡོང་བའི་མཁས་དབང་དག་ཡོད་པ་རེད།།