བོད་ཀྱི་ལོ་གསར་སྤྲོ་སྐྱིད་གཏོང་མིན་གྱི་འཐབ་རྩོད།

རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་ལོ་གསར་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ་མ་ཟད། ལོ་གསར་གྱི་འགྲོ་སོང་ཆེད་དངུལ་དངོས་ཀྱང་སྤྲོད་རྒྱུ་ཡིན་ལུགས་དང། གླུ་གཞས་ཞབས་བྲོ་སོགས་སྦྱོང་བརྡར་གྱིས་ལོ་གསར་གྲ་རྒྱས་པོ་གཏོང་དགོས་ཚུལ་སོགས་བཤད་ནས་བོད་མི་རྣམས་ཀྱིས་གང་མི་འདོད་པ་དེ་བཙན་པོ་དབང་མེད་ཀྱིས་སྒྲུབ་འཇུག་གི་ཡོད་པ་རེད། 
དེ་བཞིན་ཨ་མདོ་རྔ་པ་ཁུལ་དུ་རོང་འབྲོག་གི་བོད་མི་རྣམས་ཀྱིས་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུ་མིན་ལུགས་དང། དགོན་སྡེ་ཁག་ཏུ་ཁང་པའི་དཀར་རྩི་མ་བྱུགས་པར་བོད་མིའི་སྲོལ་རྒྱུན་གྱི་མྱ་ངན་མཚོན་ཐབས་བྱས་པ་དེའི་རྒྱུ་མཚན་ནི་ལོ་འདིའི་ནང་བོད་མི་བློ་བཟང་རྒྱལ་མཚན་སོགས་དམར་གསོད་བཏང་བ་དང། མནར་གཅོད་མྱོང་བཞིན་པ་རྣམས་ལ་མྱ་ངན་མཚོན་ཆེད་དུ་ཡིན་པ་འབྲེལ་ཡོད་ཀྱིས་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་གཞུང་གིས་གོང་ལྟར་ལོ་གསར་ངེས་པར་དུ་གཏོང་དགོས་ཚུལ་དང། ལོ་གསར་གྱི་འགྲོ་སོང་གཞུང་གིས་གཏོང་རྒྱུ་ཡིན་ལུགས་བརྗོད་པ་མ་ཟད། གྲོང་སྡེའི་ནང་དུ་རྒྱ་དམག་རྣམས་ཀྱིས་མཚོན་ཆ་ཐོགས་ནས་རླངས་འཁོར་ནང་འགྲོ་སྐྱོད་ཀྱིས་བོད་མི་རྣམས་ལ་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་པ་རེད།
ལྷ་ས་རུ་ད་དུང་སྔར་དང་མི་འདྲ་བའི་ལོ་གསར་གྱི་དགོང་ཚོགས་གྲ་རྒྱས་པོ་དང་རྣམ་པ་གསར་པ་ཞིག་འཚོག་རྒྱུ་ཡིན་ཚུལ་དང། བོད་ལྗོངས་ཆ་འཕྲིན་དྲ་རྒྱའི་ཐོག་དགོང་ཚོགས་ཀྱི་ནང་དོན་གང་ཡིན་འཁྲབ་ཁྲིད་པས་བརྗོད་པ་ལྟར་ན། “ང་ཚོའི་དགོང་ཚོགས་ཡོངས་ཀྱི་འཁྲབ་ཚན་དག་ནི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་༦༠ ལོན་པ་དང་བོད་དུ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་༥༠ ལོན་པའི་རྒྱབ་ལྗོངས་རྟེན་གཞིར་བཅོལ་ནས།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེའི་ཐུགས་འཁུར་དང༌།   རྒྱལ་ཡོངས་སྤུན་ཟླ་སོ་སོའི་ཞིང་ཆེན་དང་གྲོང་ཁྱེར་དག་གིས་སེར་སྣ་མེད་པའི་རོགས་སྐྱོར་གནང་བ་དང། མི་རིགས་མཐུན་སྒྲིལ་ཆེན་མོར་བསྟོད་བསྔགས་བྱས་ཡོད་པ།   དམག་མི་དང་མི་དམངས་བར་གྱི་བརྩེ་བ། དྲག་ཆས་ཉེན་རྟོག་པ་དང་མི་དམངས་བར་གྱི་བརྩེ་བར་བསྟོད་བསྔགས་བྱས་ཡོད་པ།   ས་ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་བཅོས་སྒྱུར་གསར་སྐྲུན་དང་དཀའ་སྤྱད་འབད་བརྩོན་བྱས་པའི་དུས་རབས་གསར་པའི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཡོད་པ་རེད་”ཅེས་བརྗོད་ཡོད་པ་རེད།
མདོར་ན་རྒྱ་ནག་གཞུང་གིས་བོད་མིའི་གང་མི་འདོད་པ་དེ་བཙན་པོ་དང་དྲག་པོའི་ཐབས་ཀྱིས་གཅུན་ཐབས་བྱེད་པ་ལས། བོད་མི་རྣམས་ཀྱི་གཞི་རྩའི་མངོན་འདོད་གང་ཡིན་པ་དེ་སྒྲུབ་འདོད་མེད་པའི་གནས་ཚུལ་ཁ་གསལ་ནས་གསལ་དུ་འགྲོ་བཞིན་ཡོད་པ་རེད། ༢༠༠༨ ལོར་བོད་ནང་ནས་རྒྱ་ནག་ལ་ཞི་རྒོལ་སྐབས། བོད་མི་མང་པོ་རྒྱ་གཞུང་གི་དྲག་གནོད་འོག་འདས་གྲོངས་སོང་བ་དང། བཙོན་འཇུག་བཀག་ཉར་བྱས་པ་སོགས་ལ་བརྟེན། བོད་ཀྱི་ས་གནས་གང་སར་ལོ་དེའི་བོད་མི་ལོ་གསར་སྤྲོ་སྐྱིད་བཏང་མེད་ནའང། རྒྱ་གཞུང་གིས་སྤྲོ་སྐྱིད་གཏོང་དགོས་པའི་སྐུལ་མ་དང། བསླུ་བྲིད། བཙན་བཀའ་སོགས་ཐབས་ལམ་འདྲ་མིན་བཏོན་ཡོད་པ་རེད།།