ཏྲེ་ཧོར་ཁུལ་ནས་རྒྱ་རྒོལ་བྱས་སྐོར་གྱི་དཔེ་དེབ་ཞི་རྒོལ་ཆེན་མོ།
དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་དང། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་ཁག་ཅིག མི་མང་སོགས་ཕེབས་ཡོད་པ་དང། སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་“ད་དུང་དེབ་དེའི་ནང་འགོད་མ་ཐུབ་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཇི་སྙེད་ཅིག་ཡོད་པ་དེ་དག་གི་མཛད་རྗེས་དང་དཀའ་སྡུག་ཇི་ཞིག་མྱོང་བའི་ལོ་རྒྱུས་ཁག་གཅིག་ནན་གྱིས་བཙལ་ཀྱང། བར་ལམ་ནས་བརྒྱུད་ལམ་ཁག་ལ་རྒྱ་གཞུང་གིས་བཀག་བསྡོམས་ཤུགས་ཆེར་བྱས་རྐྱེན་རྙེད་ཐབས་མ་བྱུང་བས་ལུས་པ་ཡིན་ཡང། སླད་མར་རྙེད་སོན་བྱུང་ན་དེབ་ཕྲེང་རིམ་པར་སྤེལ་ཆོག་པ་ཞུ་རྒྱུ་ཡིན་”ཞེས་ཞི་རྒོལ་སྐོར་གྱི་དེབ་མུ་མཐུད་པར་སྐྲུན་བྱེད་འཆར་ཡོད་པ་དང། བོད་ནང་ཞི་རྒོལ་རྒྱུན་ཆད་མེད་པར་འབྱུང་ངེས་ཡིན་སྐོར་སོགས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཞི་རྒོལ་ཆེན་མོའི་དེབ་དེའི་དབུ་རྒྱན་དུ་༧གོང་ས་མཆོག་གི་གསུང་འཕྲིན་ཞིག་གནང་ཡོད་པ་དང། དེའི་ནང་དུ་“མཐོང་ཐོས་ཉམས་མྱོང་དངོས་བྱུང་གི་ལོ་རྒྱུས་འདི་ལྟ་བུས་བོད་མིའི་བདེན་དོན་ར་སྤྲོད་ཀྱི་ནུས་པ་ཐོན་ངེས་སུ་མཐོང་བས་བསྔགས་བརྗོད་དང། ལྷག་བསམ་རིགས་ཞེན་དད་དམ་སྙིང་སྟོབས་ཅན་གྱི་བོད་མི་འདས་གསོན་རྣམས་ཚེ་རབས་ཀྱི་ཕྲེང་བར་འཕགས་མཆོག་གྲུ་འཛིན་མགོན་གྱི་ཐུགས་རྗེས་བཟུང་བའི་སྨོན་པ་ཤུགས་དྲག་བཅས་”ཞེས་འཁོད་ཡོད་པ་རེད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་ཞིག་གནང་བའི་ནང་“༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱི་གཟི་བྱིན་རྣམས་ད་ལྟའང་ཉམས་མེད་རྒྱུན་གནས་ཐུབ་པ་མ་ཟད། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་དོ་སྣང་དང་ཡི་རངས་བྱ་ཡུལ་དུ་གྱུར་ཅིང། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་རང་བཞིན་ཁོ་ནར་གནས་ཐུབ་པ་ནི་ཡ་མཚན་དངོས་བྱུང་གི་གནས་བབ་ཀུན་གྱིས་མིར་དཔེར་བཟུང་འོས་ཡིན་”ཞེས་བོད་མིའི་རླབས་ཆེན་གྱི་ཞི་རྒོལ་དེ་འཚེ་མེད་ཞི་བ་ཡིན་པ་ཀུན་གྱིས་མིག་དཔེ་འོས་སྐོར་སོགས་འཁོད་ཡོད་པ་རཻད། དེབ་དེའི་ནང་བོད་ནང་གི་ཞི་རྒོལ་སྐོར་ལེ་ཚན་ཆེན་པོ་བཅུ་རུ་དབྱེ་ཡོད་པ་དང། ༡ ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཞི་བའི་འོས་ལངས་སྐོར་རགས་བསྡུས་དང། ༢ བྱེ་བྲག་ཏྲེ་ཧོར་ཁུལ་དུ་ཞི་བའི་འོས་ལངས་བྱུང་རིམ། ༣ ཏྲེ་ཧོར་ཁུལ་གྱི་ས་བྱི་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། ༤ ཏྲེ་ཧོར་ཁུལ་གྱི་ས་གླང་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། ༥ ཏྲེ་ཡི་གནད་ཡོད་མི་སྣ་འབུར་འཇོམས་ཀྱི་ངན་ཇུས། ༦ ཞི་རྒོལ་ནང་ཞུགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཁྲོད་ནས་ལག་སོན་བྱུང་བ་ཁག་གཅིག་གི་མཚན་གཞུང་རེའུ་མིག། ༧ རྒྱ་ནག་དང་བོད་ནང་གི་དྲ་རྒྱ་དང་གསར་ཤོག་ཁག་ནས་ཐོན་པའི་ཏྲེ་ཧོར་ཁུལ་གྱི་དོན་རྐྱེན་དང་འབྲེལ་བའི་དོན་གདན་ཁག་གཅིག།༨ བོད་ཆོལ་གསུམ་སྤྱི་དང་བྱེ་བྲག་ཁག་གཅིག་གི་ས་ཁྲ། ༩ རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་གི་སྐུ་པར་ལག་སོན་བྱུང་བ། ༡༠ ལག་སོན་བྱུང་བའི་དམག་སྒར་དང། བོད་མིར་མནར་གཅོད་ཇི་ལྟར་བཏང་བའི་དཔང་རྟགས་ཀྱི་པར་རིས་ཁག་གཅིག་བཅས་འཁོད་ཡོད་པ་རེད།།
