རྒྱ་ནག་གི་རེ་བ་རྒྱག་སའི་བླ་མ།
དེ་ཡང་ཟླ་འདིའི་ཚེས་༡ ཉིན་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མའི་ཚེས་༢༨ ཉིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པ་འཚོག་པའི་སྐབས། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་མི་སྣ་༡༣ ཁ་སྣོན་བྱས་པའི་ཁོངས་ནས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་ཟེར་བ་ཚུད་ཡོད་པ་རེད་ཅེས་འཁོད་འདུག དྲ་གནས་དེའི་ཐོག་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་དང་ཐོག་གསང་བ་དམ་པོ་བྱས་ནས་གཅེས་ཉར་བྱས་ཡོད་རུང་། ༢༠༠༩ ལོར་རང་ལོ་༡༩ ལ་སོན་པ་དང་དམངས་ཁྲོད་དུ་ཐོན་འགོ་ཚུགས་ནས། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྟོད་སྔགས་གཏོང་མཁན་ཆགས་པ་མ་ཟད། རྙོག་གླེང་ཆེ་བའི་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གྱི་ལས་གཞིར་ཐེ་གཏོག་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
བོད་མི་རིགས་ནི་ཆོས་ལུགས་ལ་དད་པ་ཆེན་པོ་ཡོད་པས། རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་ཐབས་སུ་ཡང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གང་མང་བེད་སྤྱོད་གཏོང་ཐབས་བྱས་ཡོད་ཀྱང། དེ་སྔོན་ལམ་ལྷོང་གཅིག་ཀྱང་བྱུང་མེད་པ་དང། པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་པ་དང། ༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་བྱས་མ་ཐག་ཡང་སྤྲུལ་རྒྱ་ནག་གིས་འཛིན་བཟུང་བྱས་པ་དང། རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་མཚན་ནོར་བུ་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་གྱིས་གསོ་སྐྱོང་བྱས་ཡོད་ནའང། གྲུབ་འབྲས་གང་ཡང་ཐོན་གྱི་མེད་པ་རེད།།