ཚོང་ལས་དེ་གོ་ལ་གཅིག་བསྒྱུར་གྱི་གནས་བབས་འོག་ནས་འགྲོ་ཡི་ཡོད་རེད།

དེ་ཡང་ཟླ་འདིའི་ཚེས་༦ ཉིན་གངས་སྐྱིད་གསོལ་ཐབ་ཡང་སྟེང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་ཉིན་གཉིས་རིང་འཚོགས་ཡོད་པ་དང་།སྐབས་དེར་སྐུ་མགྲོན་གྱི་གཙོ་བོར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས། དཔལ་འབྱོར་བཀའ་བློན་དང་། སྤྱི་འཐུས་ཚོགས་གཙོ། འབྲེལ་ཡོད་རྒྱ་གར་གྱི་ཚོང་ལས་མི་སྣ་སོགས་ཕེབས་ཡོད་པ་དང། སྐབས་དེར་རྒྱ་གར་གྱི་ས་གནས་གང་སར་ཡོད་པའི་བོད་མི་ཚོང་པ་བརྒྱ་མ་ཟིན་ཙམ་མཉམ་ཞུགས་བྱས་ཡོད་པ་རེད། ཐོག་འབྲེལ་ཡོད་ལས་བྱེད་ཀྱིས་ཚོགས་པའི་བྱུང་རིམ་དང་རྩིས་ཁྲ་སོགས་སྙན་སྒྲོན་ཞུས་རྗེས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན། སྤྱིར་བཏང་ཚོང་གི་ལས་ཀ་ཟེར་བ་དེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་ཡོད་བསྡད་པ་ཞིག་རེད་ལ། ང་ཚོ་བོད་ལ་ཆ་བཞག་པ་ཡིན་ནའང་། སྤྱིར་བཏང་བོད་མི་མང་ཆེ་བ་དེ་བཟོ་ཞིང་འབྲོག་གསུམ་ལ་བསྟེན་པ་ཞིག་རེད་ལ། དེའི་ནང་ནས་ཞིང་པ་མང་ཤོས་ཡིན་རྒྱུ་རེད། བཟོ་པ་ཏོག་ཙམ་ཉུང་ཉུང་རེད། བཟོ་ཞིང་འབྲོག་གསུམ་དེ་འཚོ་ཐབས་ཀྱི་གཙོ་བོར་ཡིན་པ་ལ་བརྩི་ཡི་ཡོད་རེད་དེ། བཟོ་ཞིང་འབྲོག་གསུམ་གྱི་ལས་དོན་རྣམས་གཅིག་གིས་གཅིག་མཚམས་སྦྱོར་དང་། ཕན་ཚུན་ངོ་སྤྲོད་ཚོང་པ་ཚོས་བྱེད་ཀྱི་ཡོད་པ་རེད། བོད་པའི་ནང་ལ་ཚོང་པའི་སྤྱི་ཚོགས་དེ་གནའ་སྔ་མོ་ནས་ཡོད་བསྡད་པ་ཞིག་རེད། སྤྱིར་བཏང་ཚོང་པ་དང་ཁྲོམ་ར་གཉིས་དེང་སང་གཅིག་གྱུར་འདྲ་པོར་བརྩི་ཡི་ཡོད་པ་རེད། བོད་ཀྱི་རིག་གནས་གཞིར་བཟུང་བྱས་ན། ཚོང་པ་ཡིན་ན་ཁྲོམ་ར་པ་ཡིན་དགོས་པའི་ངེས་པ་གང་ཡང་ཡོད་མ་རེད། གནའ་སྔ་མོ་རྒྱ་གར་དུའང་ཁྲོམ་ར་མ་དར་གོང་ནས་ཚོང་ལས་དར་ཚར་བ་ཞིག་རེད་ལ། བོད་ནང་ལའང་ཁྲོམ་ར་མ་དར་གོང་ནས་ཚོང་ལས་དར་ཚར་བ་ཞིག་རེད། དེར་བརྟེན་ཚོང་ལས་ཞེས་པ་དེ་འགྲོ་བ་མིའི་སྤྱི་ཚོགས་ནང་འཚོ་ཐབས་རྙིང་ཤོས་དང་། ཚད་ལྡན་ཞིག་ལ་བརྩིས་བསྡད་པ་ཞིག་རེད། ཕྱི་ལོ་༡༩༥༩ ལོར་ང་ཚོ་བཙན་བྱོལ་ནང་འབྱོར་བའི་སྐབས་ལ། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཚོང་པ་རྙིང་པ་མང་པོ་ཡོད་རེད། བོད་པའི་ཚོང་པ་རྙིང་པ་སླེབས་པ་དེའང་། ཕྱི་ལོ་༡༩༥༧ དང་༡༩༥༨ ནས་བོད་ནང་རང་དབང་རྩོད་ལེན་དམག་འཐབ་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་མང་ཆེ་བ་དེ། དབུས་ལ་ཡོད་པའི་མདོ་སྟོད་སྨད་ཀྱི་ཚོང་པ་དེ་ཚོ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང། ཚོང་གི་ལས་ཀ་བྱེད་མཁན་གྱི་རྒྱུད་པ་དེ་འདྲ་མང་པོ་སླེབས་ཡོད་པ་རེད།
གནས་སྟངས་དེ་འདྲ་ཡིན་ནའང་ང་ཚོ་བཙན་བྱོལ་ནང་འབྱོར་བའི་སྐབས་ལ་མགྱོགས་པོ་ཚོང་ལས་ཀྱི་ལས་ཀ་བྱེད་རྒྱུའི་གོ་སྐབས་ཡོད་མ་རེད། ཞིང་འབྲོག་གི་ལས་ཀ་དང་མི་འདྲ་བར་འགོ་བཙུགས་དུས་ནས་མ་རྩ་དགོས་ཀྱི་ཡོད་པ་རེད་ལ། ཤུགས་ལས་བརྒྱབ་ནས་ཚོང་རྒྱག་རྒྱུ་མེད་པ་རེད། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོག་མའི་གཞིས་ཆགས་དེ་ཚོ་སོ་ནམ་ཞིང་ལས་དང། བཟོ་ལས་ཆུང་ཚགས་ཀྱི་རིགས་ལ་མང་ཆེ་བ་སོང་ནས། གང་ལྟར་དེའི་ཐོག་ནས་ང་ཚོ་བཙན་བྱོལ་བོད་མིའི་འཚོ་བ་སྐྱེལ་རྒྱུར་ཐབས་ཤེས་བྱས་པ་རེད། ཡིན་ནའང་ཞིང་ལས་དང་བཟོ་ལས་ཁོ་ནས་བཙན་བྱོལ་བོད་མིའི་འཚོ་བར་འདང་ངེས་ཤིག་སྐྱེལ་ཐུབ་ཀྱི་མེད་པ་དེ།  ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ལྔ་དྲུག་ཙམ་ནས་ར་འཕྲོད་པ་རེད། དེར་བརྟེན་གཞུང་དང་ཚོགས་པ། སྒྲིག་འཛུགས་ཀྱིས་སྐུལ་འདེད་བྱས་པ་མ་ཡིན་པར། བོད་པ་ཚོས་རང་འགུལ་གྱིས་དང་ཐོག་ཚོང་ལས་འདྲ་མིན་སྣ་ཚོགས་ཤིག་འགོ་བཙུགས་པ་རེད། བར་སྐབས་ཤིག་ནས་རྒྱུན་ལྡན་གྱི་གཞིས་ཆགས་ཁག་གི་ཞིང་ལས་དང་བཟོ་ལས་ཀྱི་ཐོག་ལ། དགུན་དུས་སུ་ཟླ་གྲངས་གསུམ་དང་བཞི་ཙམ་གྱི་རིང་ལ་བལ་གོས་སོགས་ཀྱི་ཚོང་ལས་བྱེད་ཀྱི་ཡོད་རེད། གང་ལྟར་ཚོང་ལས་དེ་གཉེར་བའི་དྲིན་གྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལོ་ཁ་ཤས་ནང་འཚོ་བ་མངོན་གསལ་དོད་པོ་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་བཟོ་ཞིང་གི་ལས་ཀ་ཡོད་པའི་ཐོག་ནས། དེའི་ཐོག་ལ་ཚོང་ལས་སྣོན་ཐུབ་ན་འཚོ་བ་ཕུན་སུམ་ཚོགས་པ་ཡོང་ཐུབ་ཀྱི་རེད་བསམ་ནས་ཚོང་ལས་གལ་ཆེན་པོ་བརྩིས་པ་རེད། ཚོང་ལས་གལ་ཆེན་པོ་རེད་དེ་ཚོང་ལས་དེ་ལ་དེང་རབས་དང་མཐུན་པའི་ཉམས་ཞིབ་དང་། དེང་རབས་དང་མཐུན་པའི་ཚོང་ལས་ཡར་རྒྱས་གཏོང་རྒྱུ་དེ། བོད་མི་ཚོར་ཏོག་ཙམ་རྗེས་ལུས་ཀྱི་རྣམ་པ་ཡོད་པ་རེད། སྤྱི་བཏང་བོད་པར་ཚར་གཅིག་གསར་གཏོད་བྱས་པ་ཡིན་ན། དེ་མགྱོགས་པོ་སྲོལ་རྒྱུན་ཆགས་འགྲོ་བའི་གཤིས་ཀ་ཡོད་པ་རེད། མཚམས་རེ་གློ་བུར་དུ་བྱུང་བའི་གནས་ཚུལ་དེ་ཚོའང་འཆར་ཅན་གྱི་སྲོལ་རྒྱུན་ལ་འདྲེས་པ་དེ་འདྲ་ཡོད་རེད། བསྐལ་པ་བཟང་པོའི་ཇ་ཆང་དེ།། དུས་ཚོད་ངན་པའི་དུས་ཁྲལ་འགྱུར་ཟེར་བའི་བོད་པར་གཏམ་དཔེ་ཡོད་རེད། དེ་འདྲ་ཞིག་ནས་བོད་པའི་སྲོལ་རྒྱུན་ལ་འཇགས་སོང་ན་འགྱུར་བ་ཞེ་དྲག་མི་འགྲོ་བའི་གནས་སྟངས་གཅིག་ཡོད་བསྡད་པ་ཞིག་རེད།
དེར་བརྟེན་ཐོག་མ་བཙན་བྱོལ་གཞུང་དང་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས། བོད་མིའི་ཚོང་ལས་བདེ་དོན་ཚོགས་པ་ཞིག་བྱུང་པ་ཡིན་ན། བཙན་བྱོལ་བོད་མིའི་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་དང་། ཚོང་ལས་ཀྱི་ནང་གསར་གཏོད་ཀྱི་རྣམ་པ་སྟོན་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཞེ་དྲག་བྱས་པ་རེད། རེ་བ་བྱས་པ་ནང་བཞིན་ལོ་ཉུང་ཉུང་དེའི་རིང་ལ་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད་བསམ་གྱི་འདུག སྤྱིར་བཏང་ང་རང་ལྟ་བུར་ཆ་བཞག་པ་ཡིན་ན། ཚོང་ལས་ཡག་པོ་ཞིག་བྱས་པ་ཡིན་ན་འཚེ་བ་མེད་པ་དང་། བཤུ་གཞོག་མེད་པའི་འཚོ་ཐབས་ཡག་པོ་ཞིག་ཡོང་ཐུབ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དེང་སང་གི་ཚོང་ལས་དེ་གོ་ལ་གཅིག་བསྒྱུར་གྱི་གནས་བབས་འོག་ནས་འགྲོ་ཡི་ཡོད་རེད། དེའི་ནང་ཕྱིན་པ་ཡིན་ན་ཚོང་པའི་བཟང་སྤྱོད་དེ་ཇི་ཙམ་སྡོད་ཐུབ་ཀྱི་ཡོད་མེད་ཧ་གོ་རྒྱུ་དཀའ་ལས་ཁག་པོ་རེད། སྤྱིར་བཏང་ང་ཚོའི་ལྟ་གྲུབ་ཀྱི་ཆ་ནས་ས་གནས་རང་གི་ཚོང་ལས་དེ། བདག་ཉིད་ཆེན་པོ་གྷན་དའི་མཆོག་གིས་ཡག་པོ་བརྩིས་གནང་པ་རེད་ལ། ང་ཚོ་ཚང་མས་དེ་རང་ལ་བརྩི་ཡི་ཡོད་རེད། ཡིན་ནའང་ད་ལྟའི་དུས་ཚོད་འདིར་བརྒྱ་ཆ་བརྒྱ་ཐམ་པ་ས་གནས་རང་དུ་འདུས་པ་ཞིག་ལ་ཚོང་ལས་བྱེད་ཐུབ་རྒྱུ་བརྗོད་ཁག་པོ་རེད། ཡིན་ནའང་ང་རང་ཚོས་རྩལ་འདོན་ས་དེ་ག་ཚོད་ཐུབ་ཐུབ་སྤྱི་ཚོགས་རང་དང་། ས་གནས་རང་གི་ནང་ལ་ཚོང་ལས་ཡར་རྒྱས་གཏོང་ཐུབ་ན་ཡག་པོ་ཡོད་རེད་དྲན་གྱི་ཡོད་རེད།
ཕྱོགས་གཅིག་ནས་ང་རང་ཚོའི་ཚོང་གི་གནས་བབས་དང་ཆེ་ཆུང་གི་ཆ་ནས་བལྟས་པ་ཡིན་ནའང་། གོ་ལ་གཅིག་བསྒྱུར་གྱི་ལམ་ཁ་ལ་འགྲོ་རྒྱུའི་ནུས་པ་དེ་སླེབས་ཡོད་མ་རེད་བསམ་གྱི་འདུག དེའི་ནུས་པ་མ་སླེབས་བཞིན་དུ་གོ་ལ་གཅིག་བསྒྱུར་གྱི་ལམ་ཁ་ལ་འགྲོ་རྒྱུའི་ཐབས་ཤེས་བྱེད་པ་ལས། ས་གནས་རང་བཞིན་ཅན་དང་སྤྱི་ཚོགས་རང་བཞིན་ཅན་གྱི་ཚོང་ལས་དེ་གཙོ་བོར་གནང་ཐུབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཆེ་བ་དང་། ཚོང་ལས་ཀྱི་རང་བཞིན་དེའང་བཤུ་གཞོག་མེད་པ་དང་འཚེ་བ་མེད་པ་ཞིག་ལ་གནས་ཐུབ་ཀྱི་རེད་དྲན་གྱི་འདུག་ཅེས་སོགས་གསུངས་ཡོད་པ་རེད། དེ་ནས་བཀའ་ཁྲི་མཆོག་གིས་ཚོང་ལས་བདེ་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་འགྲོ་གྲོན་སྦྱིན་བདག་གནང་མཁན་གྱི་ཚོང་པ་ཚོར། ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་གནང་རྗེས། ཚོང་པ་ཚོས་བསམ་ཚུལ་བརྗེ་རེས་སོགས་བགྲོ་གླེང་གནང་ཡོད་པ་རེད།