གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་སྲུང་བརྩི།
ཟླ་འདིའི་ཚེས་༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་ང་གཅིག་པ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་གཞུང་འབྲེལ་གྱིས་སྲུང་བརྩི་བྱས་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ་དང། སྐུ་མགྲོན་དུ་ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་གྱི་ཚོགས་མི། ཐེ་ཝན་དང་ཨ་རི་ནས་ཕེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཉི་ཧོང་དང་ཁལ་མིག་གྲངས་ཉུང་མི་རིགས་ཀྱི་ཁོངས་ནས་ཕེབས་པའི་སྐུ་མགྲོན་ཁག་ཅིག་ཕེབས་ཡོད་པ་རེད།
དང་ཐོག་བོད་གཞུང་ཟློས་གར་ཚོགས་པས་རོལ་མོ་འབུད་དཀྲོལ་གྱིས་རྒྱལ་གླུ་བཏང་བ་དང་སྦྲགས་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་རྗེས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་། དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་རྗེས། ༧གོང་ས་མཆོག་གིས་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་དམིགས་སུ་བཀར་ནས་སྐུ་མགྲོན་ཚོར་བཀའ་སློབ་གནང་དོན། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ངོས་ནས་བཤད་པ་ཡིན་ན། མཚན་ཤས་ཡོང་རྒྱུའི་གཞི་རྩ་ཞིག་ཆགས་བསྡད་ཡོད་པས་བོད་ཀྱི་གནད་དོན་དེ་སེལ་དགོས་པ་རེད། ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་འདི། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུའི་དམིགས་ཡུལ་གཙོ་བོ་ཡིན་དུས། བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་མི་མང་དུང་འཕྱུར་བཅུ་གྲངས་ལ་ཏན་ཏན་ཕན་ཐོགས་ཡོང་རྒྱུ་ཆགས་བསྡད་ཡོད་པ་རེད། བར་སྐབས་ང་རྒྱ་རིགས་གྲོགས་པོ་དེ་འདྲར་ཐུག་པའི་སྐབས་ལ། འདས་པའི་ལོ་དྲུག་བཅུའི་རིང་ལ་རྒྱ་ནག་ལ་ལོ་སྟོང་ཕྲག་རིང་གི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཡོད་བསྡད་པ་དེ། བར་སྐབས་གཏོར་བཤིག་བཏང་ཡོད་པས། དེང་སྐབས་རྒྱ་ནག་མི་མང་ལ་དངུལ་རྐྱང་རྐྱང་མ་གཏོགས་བསམ་བློ་གཏོང་ས་མེད་བསྡད་པ་ལྟ་བུ་དང་། ལོ་སྟོང་ཕྲག་རིང་གི་གོམས་གཤིས་བཟང་པོ་དེ་མེད་པ་ཆགས། གོམས་གཤིས་ཀྱི་ལམ་སྟོན་གསར་པ་ཞིག་ཀྱང་མ་རག དེ་འདྲའི་གནས་སྟངས་འོག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དེ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་སེལ་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་ལ། མ་འོངས་པར་རྒྱ་ནག་མི་མང་དུང་ཕྱུར་མང་པོ་ཡོད་བསྡད་པ་དེར། ཡ་རབས་བཟང་པོའི་ལྟ་སྤྱོད་དེ་བོད་ནས་མར་བསླབ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཟེར་གྱི་འདུག
དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུར། རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་ཡོད་པ་རེད། དེར་བོད་རིགས་རྒྱ་ཆེའི་མང་ཚོགས་ཡོད་སར་རྒྱ་རིགས་གྲོགས་པོ་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་དུ་ཉི་ཧོང་གི་གྲོགས་པོ་ཚོ་ཁག་གཅིག་དང་། ཨུ་རུ་སུའི་ཁོངས་ཀྱི་ཁལ་མིག་བ་ཚོ་ཁག་ཅིག་ཕེབས་ཡོད་རེད་ལ། ཁལ་མིག་ཁྱེད་རང་ཚོར་ཆ་བཞག་ན་བོད་ཀྱི་ཆོས་དང་རིག་གཞུང་དེ། ཁལ་མིག་མཚོན་པའི་ཨུ་རུ་སུ་ས་ཁུལ་ཁག་གཅིག་ནང་། ཧ་ལམ་ལོ་དྲུག་བརྒྱ་བདུན་བརྒྱ་ཙམ་གྱི་རིང་ལ་བོད་ཡིག་གི་ཐོག་ནས་ནང་ཆོས་བསླབ་རྒྱུ་དང་། བོད་ཡིག་གི་ཐོག་ནས་གསོ་བ་རིག་པ་དང་། སྒྲ་རིག་པ་སོགས་རིག་གནས་ཆེ་བ་ལྔ་བསླབ་རྒྱུ་དེ་ཕལ་ཆེར་ཆགས་བསྡད་ཡོད་པ་རེད། བར་སྐབས་ཤིག་ནས་ཉམས་ཆག་ཆེན་པོ་སོང་བའི་རྐྱེན་གྱིས། ཉེ་བའི་ཆར་ལ་ཨུ་རུ་སུ་སྲིད་གཞུང་གིས་ཨུ་རུ་སུའི་སློབ་ཚན་ནང་ལ། ཆོས་ཀྱི་བསླབ་བྱ་སེམས་པ་བཟང་པོ་དང་ཡ་རབས་བྱེད་རྒྱུའི་སློབ་སྦྱོང་བཙུགས་དགོས་ཀྱི་འདུག་ཟེར་ནས་ཐག་གཅོད་གཅིག་བྱུང་ཡོད་པ་རེད། དེར་བརྟེན་ཁལ་མིག་ས་ཁུལ་དེ་སྔར་ནས་བོད་ཀྱི་ནང་ཆོས་བྱེད་མཁན་ནང་པ་གཅིག་གྱུར་ཡིན་པས། ཁོ་ཚོའི་མངའ་སྡེའི་ནང་གི་སློབ་གྲྭ་ཁག་ནང་། ནང་ཆོས་སློབ་སྦྱོང་བྱེད་རྒྱུའི་ཐག་གཅོད་བྱས་ནས་ལོ་འདིའི་ནང་ནས་འགོ་གཙུགས་རྒྱུའི་གནས་ཚུལ་བྱུང་ཡོད་པས། ང་ཚོའི་བཙན་བྱོལ་བའི་སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་དང་སློབ་སྦྱོང་བྱེད་རྒྱུའི་སྲོལ་ཞིག་ཡོད་བསྡད་པ་ཡིན་དུས། དེ་འདྲའི་ཐོག་ནས་ཕར་སློབ་སྦྱོང་ལེན་རྒྱུའི་ཆེད་དུ་དེ་རིང་ཆེད་མངགས་ཀྱིས་འབྲེལ་བ་བྱས་ཡོད་པ་རེད།
ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ང་གཅིག་ཕྱིན་པའི་རྗེས་ནས། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན། སྔར་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་མཁན་ཚོས་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་རེད་ལ། དེ་བཞིན་དུ་ཧི་མ་ལ་ཡི་རི་རྒྱུད་ནས་ཡིན་མཁན་ཚོས་ཀྱང། བོད་ཀྱི་ཆོས་དང་རིག་གཞུང་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་བསྡད་ཡོད་པ་རེད། དེ་བཞིན་སོ་སོ་རང་ཉིད་ཀྱི་རྩ་བའི་རིག་གཞུང་གང་གི་ཡིན་པ་དང་། རྩ་བའི་ལོ་རྒྱུས་ཀྱི་ཐོག་ནས་འབྱུང་ཁུངས་གང་ཡིན་པ་བཅས་ཀྱི་ཐད་ལ་དྲན་གསོ་ཐེབས་ནས་དོ་སྣང་གསར་པ་སླེབས་ཡོད་རེད། ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་འགན་ལྗིད་པོ་ཞིག་ཡོད་རེད་ལ། གཞིས་ལུས་རྒྱ་ཆེ་མི་མང་གི་རེ་བའི་མིག་འབུར་གཏོད་ས་ང་ཚོ་ཆགས་ཡོད་པ་རེད། ང་ཚོས་ཡ་རབས་བཟང་སྤྱོད་དེ་དག་བརྒྱུད་ནས། གོ་སྐབས་གསར་པ་གཅིག་དང་དུས་ཚོད་གསར་པ་གཅིག་གི་ཐོག་ནས་འབྲེལ་བ་བྱས་ནས་ཕན་ཐོགས་བྱེད་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་བསྡད་པ་རེད།
ངས་རྟག་པར་དྲན་བསྡད་པ་ཞིག་ལ་ང་རྩེ་ཕོ་བྲང་པོ་ཏཱ་ལའི་ནང་བསྡད་ཡོད་པ་ཡིན་ན། བཞུགས་ཁྲིའི་སྒང་དེར་བོད་ཇ་འདྲ་བཏུང། རྫིག་པོ་བྱས་ནས་བསྡད་ཡོད་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་པའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། འཛམ་བུ་གླིང་འདིའི་སྒང་ལ་ངོ་ཤེས་མང་པོ་ཆགས། བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་དེ་ག་འདྲ་ཡིན་མིན་འཛམ་བུ་གླིང་འདིའི་སྒང་ལ་མཐོང་ཐུབ་པ་ཞིག་ཆགས། དེ་འདྲའི་རྐྱེན་ངན་གྲོགས་ལ་ཤར་ནས་ཕན་ཐོགས་ཀྱང་བྱུང་ཡོད་པ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་བོད་ནང་དུ་ཉམས་པ་སོར་ཆུད་ཡག་པོ་ཞིག་བྱེད་ཐུབ་པ་བྱུང་ན། རྒྱ་ནག་རྒྱལ་ཁབ་ལོ་རྒྱུས་ཀྱི་ཐོག་ནས་ཧ་ལམ་ནང་པའི་རྒྱལ་ཁབ་རེད། རྒྱ་ནག་ཏུ་ནང་པའི་ལྷ་ཁང་ག་ཚོད་མང་པོ་འདུག དེ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ཀྱི་གནས་རྩ་བ་ཆེན་པོ་རྣམས་བོད་ལ་ཡོད་མ་རེད། དེ་དག་རྒྱ་ནག་ནང་ཡོད་རེད་ཅེས་སོགས་བཀའ་སློབ་གཟབ་རྒྱས་བསྩལ་ཏེ་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་རེད།།