མེ་སོར་ཁུལ་དུ་གསུམ་བཅུའི་དུས་དྲན།

དེ་ཡང་ཞོགས་པའི་ཆུ་ཚོད་༩ ཐོག་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སེར་སྐྱ་མི་མང་རྣམས་༸རྒྱལ་བའི་ཕོ་བྲང་དུ་འདུ་འཛོམས་ཀྱིས་གཞུང་འབྲེལ་དུས་དྲན་སྲུང་བརྩི་དབུ་འཛུགས་ཞུས་པ་དང། ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་དང་བཀའ་ཤག ༸གོང་ས་མཆོག་གིི་གསུང་འཕྲིན་རྣམས་སྒྲོགས་སྦྱང་གནང་བ་དང་། སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་རྗེས། ༸རྒྱལ་བའི་ཞབས་བསྟན་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རིམ་འགྲོ་གསོག་སྒྲུབ་བྱས་སོང་། དེ་བཞིན་ཀོ་ལི་གྷལ་དང་ཧོན་སུར་བོད་མིའི་གཞིས་སྒར་གཉིས་སུ་ཡང་ས་གནས་གཞིས་ལས་ཁང་གིས་གཙོས་པའི་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། གཞན་ཡང་སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ་བཅས་ཀྱི་ས་གནས་གཞོན་ལྷན་དང། ས་གནས་བུད་མེད་ཚོགས་པ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག མེ་སོར་གྲོང་ཁྱེར་དུ་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད། ཁྲོམ་སྐོར་དེར་ཕྱི་རྒྱལ་ཨེ་ཟི་རལ་དང་ཨ་ཧྥི་རི་ཁ། ནེ་སུ་ཐན་སོགས་ནས་ཡིན་པའི་སློབ་མ་ཡང་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།
གཞན་ཡང་ཉིན་རྒྱབ་ཆུ་ཚོད་༢ ནས་མེ་སོར་གྲོང་ཁེར་དུ་མེ་སོར་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་དང་བགྲོ་གླེང་ཞིག་བྱས་ཡོད་པ་རེད། ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོར་ས་གནས་གཞོན་ལྷན་དང། ས་གནས་བུད་མེད་ཚོགས་པ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་སོང།།
མེ་སོར་གསར་འགོད་པས།