ལམ་ཁ་འདི་མི་རིགས་ཤིག་འཇིགས་པའི་ཉེན་ཁ་རེད།
དང་བོ་བོད་ཡུལ་ནས་ཡོང་དུས་དམིགས་ཡུལ་ཞིག་ཡོད་པ་དེ་ནི་༧གོང་ས་མཆོག་དང་མཇལ་རྒྱུ་བྱུང་ན་ཤི་སོང་རང་འགྱོད་པ་མེད་པ་དེ་ཡིན། དེ་ནས་སེམས་ཐག་གཙང་བཅད་ཀྱིས་ནང་མི་ལ་ཞུ་བ་ཞུས་སྟབས། ནང་མིས་ཀྱང་རང་གི་བསམ་ཚུལ་རྒྱབ་སྐྱོར་བྱས་སོང་བ་མ་ཟད། དྲིན་ཆེན་མ་ལོས་ཀྱང་ཁྱེད་རང་རྒྱ་གར་དུ་འབྱོར་ནས་༧རྒྱལ་བ་རིན་པོ་ཆེ་ཚང་གི་ཞབས་ཞུ་ཞིག་བྱེད་ཐུབ་སོང་བ་ཡིན་ན་མ་རྒན་ང་ཤི་རུང་བློ་བདེ་བག་ཕེབས་ཡོང་ཁོ་ཐག་ཡིན། ༧རྒྱལ་བ་རིན་པོ་ཚང་གི་ཐུགས་དགོང་དང་འགལ་བའི་ལས་གཏན་ནས་མ་བྱེད་ཅེས་ཁ་བརྡ་སློབ་གསོ་གནང་སོང་། ངས་ཀྱང་དེ་ལྟར་དུ་ཁས་ལེན་བྱས་པ་ཡིན།
ང་རང་གིས་དཀའ་ཚེགས་མི་ཉུང་བ་ཞིག་བརྒྱུད་དེ་རྒྱ་གར་དུ་འབྱོར། ང་རང་གྲྭ་བ་ཡིན་སྟབས། རྣམ་རྒྱལ་གྲྭ་ཚང་དུ་འགྲོ་རྒྱུའི་ཐོ་འགོད་བྱས་པ་ཡིན། འོན་ཀྱང་། དེ་ནི་གྲྭ་བ་ཡིན་ཚད་ཅིག་འགྲོ་ཐུབ་སའི་གྲྭ་ཚང་ཞིག་མིན་པ་གསལ་བཤད་བྱས་པ་ལྟར། རང་ཉིད་ཀྱང་གྲྭ་སར་ཐོ་འགོད་བྱས་པ་ཡིན། གྲྭ་སར་ཐད་ཀར་བཏང་ནས་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་རྒྱུའི་གོ་སྐབས་ཀྱང་བྱུང་མ་སོང་བར་ཟླ་ངོ་ཁ་ཤས་ཤིག་བུད་སོང་བ་མ་ཟད། གྲྭ་སར་འབྱོར་དུས་གཞི་ནས་སྒེར་ནས་འགྲོ་སོང་བཏང་ནས་འགྲོ་བ་ལས་གཞུང་གིས་འགྲོ་སོང་གཏོང་གི་མི་འདུག་པ་ཤེས་སོང་། ཟླ་ངོ་རེ་ཟུང་གི་རིང་དུ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་པ་ནི་དངོས་ནས་ཧ་ཅང་ཤུགས་ཆེན་པོ་འདུག་སྟབས། ཐུགས་སྤྲོ་ཞིག་གི་སྟེང་ནས་ཁ་ཤགས་ཤིག་བཤད་སྐབས་མིག་ཆུ་ཡང་རང་དབང་མེད་པར་ཤོར་དུ་བཅུགས་སོང་།
སྒེར་ངོས་ནས་འགྲོ་སོང་བཏང་ནས་རྡ་སར་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་རྒྱུའི་གོ་སྐབས་རེག་སོང་བ་མ་ཟད། དངོས་སུ་མཇལ་བའི་སྐབས་དེར་མིག་ཆུ་རྐྱང་རྐྱང་ལས་ཁོང་ཚང་ལ་ཞུ་དགོས་པའི་སྐད་ཆ་གཅིག་ཀྱང་ངག་ནས་ཐོན་མ་སོང་། དེ་ནས་བཟུང་རང་ཉིད་ཀྱིས་གཟབ་ནན་གྱིས་༧རྒྱལ་བ་རིན་པོ་ཆེ་ཚང་གི་གསུང་ཆོས་ཞིབ་དུ་ཉན་པ་ཡིན། གསུང་ཆོས་ལ་ཞིབ་དུ་ཉན་ནས་རང་ཉིད་ལ་ཐག་གཅོད་ཅིག་བྱུང་བ་དེ་ནི་རང་ཉིད་ནི་རབ་བྱུང་བ་ཟེར་བའི་རྟགས་ཙམ་འཛིན་པ་ཞིག་ལས་གྲྭ་བ་ཞིག་བྱེད་རྒྱུའི་ཐོབ་ཐང་མེད་པ་གསལ་བོ་ཤེས་སུ་བཅུགས་སོང་།
རང་ཁ་རང་གསོའི་ལམ་དུ་ཞུགས་པ་ཡིན། ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱས་པ་ཡིན། ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་རེ་རེག་སོང་། དེ་ཡང་དུས་ཡུན་ཐུང་ཐུང་ཞིག་རེད། ཡིན་ཡང་། ༧རྒྱལ་བ་རིན་པོ་ཆེ་ཚང་གི་ཐག་ཉེ་ཞིག་ནས་ཤུ་རེ་བྱས་དེ་བསྡོད་འདོད་ཀྱི་བསམ་བློ་ཞིབ་དུ་བཏང་བ་ཡིན་ལ། དེར་བསྟུན་གྱིས་རང་ནུས་གང་ཡོད་ཀྱིས་རང་ཁ་རང་གསོ་ལ་འབད་ནས་སྤྱིན་བདག་ཟེར་བ་ཞིག་ལ་རེ་བ་གཏན་ནས་མ་བརྒྱབ། ཉིན་མ་དང་ཟླ་བ་ནི་རི་སྤྱང་གི་དེད་པའི་ལུག་ཁྱི་བཞིན་གར་སོང་ཆ་མེད་དུ་གྱུར་ནས། ངའི་མི་ཚེ་ལ་འགྱུར་བ་སྣ་ཚོགས་ཤིག་ཐེབས་སོང་།
ངའི་ཕ་མ་གཉིས་ཀྱང་རྒྱ་གར་དུ་འབྱོར་སོང་བ་མ་ཟད། ཕ་མ་གཉིས་ཀྱིས་ཀྱང་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་ཁ་ཞུས་སོང་། སྐབས་དེར་ང་རང་གི་གནས་ཚུལ་དངོས་དེ་ཕ་མ་གཉིས་ཀྱིས་དངོས་སུ་མཐོང་ནས། རྒྱུ་མེད་ཤེས་ཡོན་མེད་པའི་གནས་སྟངས་དེར་བསམ་ནས་ངའི་ཕ་རྒན་གྱིས་ཁྱེད་རང་གིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱི་ཡོད་པ་དང་བོད་དོན་ལ་དེ་འདྲའི་སེམས་འཁུར་ཞིག་ཡོད་ན་ནི། བོད་གཞུང་གི་ལས་བྱེད་ཅིག་ཨེ་ཉན་ལ་བལྟ་དགོས་པ་རེད། དེ་མིན་ན་རང་ཁ་གསོ་བའི་ཐབས་ཤེས་ཡག་པོ་ཞིག་འཚོལ་དགོས་པ་རེད། རྒྱུ་མེད་ཤེས་ཡོན་མེད་པའི་འཚོ་བ་འདི་འདྲ་ཞིག་བསྐྱལ་བ་ཡིན་ན་དངོས་ནས་ཆུད་ཟོས་རེད། དེ་མིན་ཕྱི་རྒྱལ་ཞིག་དུ་འགྲོ་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་རེད།
ངས་རང་གི་ཕ་རྒན་ལ་དེ་ཡི་གནས་ལུགས་རྒྱུ་མཚན་མང་བོ་ཞིག་བཤད་དུས། དྲིན་ཆེན་མ་ལོས་རྒྱུ་དགོས་པ་མ་རེད། མི་འཚམ་ནས་བསྡད་ན་རྒྱུ་ཡིན་ནི་རེད། དེ་ལས་ཁྱེད་རང་གི་བསམ་ཚུལ་དེ་དག་དངོས་ནས་ཡག་པོ་རེད། ཉིན་མ་ཞིག་ལ་ཁྱེད་རང་གི་དོན་དག་ལེགས་པོ་ཞིག་འགྲུབ་ཁོ་ཐག་ཡིན་པ་རེད་ཅེས་ང་ལ་རྒྱབ་སྐྱོར་ཤུགས་ཆེན་བཏང་སོང་། ད་དུང་། སྐབས་དེར་ངའི་ཉེ་ཁོར་གྱི་གྲོགས་པོ་དག་གིས་ཀྱང་། ཁྱེད་རང་གྲྭ་བ་ནི་བྱེད་ཐུབ་མ་སོང་། ད་ནི་འདི་འདྲའི་འཚོ་བ་ཐེབས་ཆག་ཞིག་བསྐྱལ་ནས་བསྡོད་པ་ལས་ཕྱི་རྒྱལ་ཞིག་དུ་འགྲོ་ཐུབ་བྱས་ན་ཡག་པོ་མི་འདུག་གམ་ཟེར་ནས་ཡང་ཡང་བཤད། ངས་ཀྱང་དེ་དག་ལ་ལན་རེ་རེ་སྤྲད་ཀྱང་། ཁོང་ཚོས་དེ་ནི་ཁྱེད་རང་ལྟ་བུ་ཞིག་གིས་འགྲུབ་པ་ཞིག་མ་རེད། བཙན་བྱོལ་བོད་གཞུང་གིས་སྐུ་ངོ་དང་ལས་བྱེད་དག་གིས་ཀྱང་གཅིག་རྗེས་གཅིག་ལ་འགྲན་ནས་ཕྱི་རྒྱལ་དུ་འགྲོ་བཞིན་པ་མཐོང་གི་མི་འདུག་གམ་ཟེར། ངས་ཀྱང་དེ་དག་ལ་གསལ་བཤད་མང་བོ་ཞིག་བྱེད་འདོད་མ་བྱུང་། རྒྱུ་མཚན་ནི་ཁོང་ཚོས་མི་རིགས་ཤིག་ལས་རང་གི་ལྟོ་གོས་ལ་བསམ་ནས་བཤད་ཀྱི་་འདུག་པ་དེ་རེད།
ངས་ཕྱི་ལོག་དུ་སོང་ནས་ཕྱིར་རྒྱ་གར་དུ་ཡོང་བཞིན་པའི་ཟ་ལེ་རྒྱལ་དུ་འབོད་པའི་ཕོ་གསར་རེ་རེ་བཞིན་མཐོང་བ་ཉུང་ཉུང་མིན། ངས་རང་ཉིད་ལམ་ཁ་དེར་ཞུགས་པ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་ཀྱི་ཡོད་ལ། དེ་ཡི་སྐོར་ལ་རྩོམ་ཡིག་ཀྱང་རེ་ཟུང་བྲིས་དེ་དུས་དེབ་གང་རུང་ཐོག་དུ་སྤེལ་བ་ཡིན། འོན་ཀྱང་། ད་དུང་ཁོང་ཚོས་སྡུག་ས་ཡང་ཟ་ལེ་རྒྱལ་དུ་འབོད་པའི་མགོ་སེར་ཚོ་གཉེན་སྒྲིག་བྱེད་མཁན་དག་ཡིན་ཡང་། ཁོང་ཚོས་ལག་དུ་ཁ་བཏགས་བཟུང་ནས་བསུ་བ་བྱེད་དུ་འགྲོ་ས་དེ་ཡང་དེ་ཚོ་ལས། བོད་ནས་རང་སྲོག་འབེན་དུ་བཞག་ནས་སྐྱབས་བཅོལ་དུ་ཡོང་བའི་སྤུན་ཟླ་དག་རེད་མི་འདུག བོད་ནས་ཕེབས་པའི་སྤུན་ཟླ་དག་གིས་ཀྱང་ག་ལེར་ཁོང་ཚོས་བྱེད་སྟངས་དེ་ནི་རང་ཉིད་ཀྱི་ལམ་ཁར་འཁྲུལ་ནས་སྐད་ཆ་བཤད་ཀྱི་ཡོད།
ངས་རྟག་དུ་༧རྒྱལ་བ་རིན་པོ་ཆེ་བསམ་པའི་དམིགས་ཡུལ་དེ་ལ་ཡང་ཕ་མ་དང་ཉེ་དུ། གྲོགས་པོ་དང་ཁོར་ཡུག་བཅས་ཀྱིས་རེ་འདོད་དེ་ལས་ང་རང་ཡང་༧རྒྱལ་བ་རིན་པོ་ཆེ་ལ་རེ་འདོད་ཡོད་པའི་མི་དེ་ལས་རིང་དུ་གྱེས་སུ་བཅུགས་སོང་། ཁོང་ཚོས་རེ་འདོད་བཞིན་ང་རང་ཕྱི་རྒྱལ་དུ་འབྱོར། ངས་ཀྱང་སྒོར་མོའི་ཆེད་དུ་ལས་ཀ་བྱས། འཚོ་བའི་ཆེད་དུ་ལས་ཀ་བྱས། ཡིན་ཡང་། མི་རིགས་ཀྱི་ཆེད་དུ་གཏན་ནས་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་པ་ནི་ང་རང་གིས་གསལ་བོ་ཤེས་སོང་། འོན་ཀྱང་། མི་ཚོས་ང་ལ་ཁ་ཡག་བཤད། ཁྱེད་རང་ནི་ཕྱི་རྒྱལ་དུ་དེ་འདྲའི་ལས་སླ་བོ་ཞིག་འབྱོར་སོང་། ཁྱེད་རང་གི་ལས་ཀ་ཡག་པོ་འདུག ཁྱེད་རང་ལ་ལ་རྒྱ་དང་བོད་ཞེན་གཙང་མ་འདུག ཁྱེད་རང་གིས་བོད་ཡིག་ཡག་པོ་ཤེས་ཀྱི་འདུག་སོགས་མང་བོ་བཤད། དོན་དངོས་ཐོག་ངས་བོད་ཡིག་ཡག་པོ་ཞིག་མི་ཤེས་པ་རང་གི་སེམས་ཁོང་དུ་གསལ་བོ་ཡིན།
གང་ལྟར། ཕྱི་རྒྱལ་ནས་དཀའ་ལས་བརྒྱབ། སྒོར་རྡོག་ཁ་ཤས་རེ་རང་གི་ཉེ་མི་དག་ལ་མཚམས་རེར་སྐུར་ཁུལ་བྱས། དེས་ཉེ་མི་དག་ལ་ཕན་ངེས་ཅན་ཞིག་གཏན་ནས་ཐོག་མི་ཐུབ། རང་གིས་རིགས་རྒྱུད་ཀྱང་གཞན་ལ་ཤོར། རང་གི་འཚོ་བ་ཡང་འགྲན་རྩོད་ཀྱི་ལམ་དུ་ཞུགས། ཉིན་མཚན་མེད་པར་འདུར། ཚུར་ཡོང་བ་མང་ལ་ཕར་འགྲོ་བ་ཡང་མང་། འདི་ལྟར་ཕྱི་རྒྱལ་གྱི་འཚོ་བ་རོལ། བོད་དོན་བཤད་སའི་བོད་མི་མེད། བོད་དོན་སྒྲུབ་རོགས་ཀྱི་བོད་མི་མེད། བོད་སྐད་བཤད་སའི་ནང་མི་རེད། བོད་ཡིག་སློབ་སའི་བྱིས་པ་མེད། ཚང་མ་གཞན་ཞིག་ལ་བསྟུན་ནས་འདུག་དགོས། ཁོང་ཚོ་ང་རང་ལྟ་བུ་དག་ནི་ཕྱི་རྒྱལ་དུ་ཡོད་ལ། སྒོར་མོའི་འཇིག་རྟེན་ཞིག་དུ་ཡོད་པར་འཁྲུལ་ཡོད། ད་དུང་རང་དབང་གི་ལུང་བ་ཞིག་དུ་ཡོད་པར་འཁྲུལ་ནས་ཡོད། དོན་དངོས་སུ་རང་དབང་གི་ལུང་བར་ཡོད་ཀྱང་རྒྱལ་ཁབ་མེད་པའི་ལག་ཁྱེར་འོག་ནས་འཚོ་བ་བསྐྱེལ་བ་དེ་ནི་ལས་སླ་བོ་ཞིག་མིན་པ་ཁོང་ཚོས་གཏན་ནས་ཤེས་ཀྱི་མེད་ལ། མི་མང་བོ་ཞིག་གིས་ཀྱང་རང་ཉིད་ཕྱི་རྒྱལ་ནས་རྒྱ་གར་དུ་ལྟ་སྐོར་རེ་འགྲོ་དུས་སུ། ཕྱི་རྒྱལ་དུ་སྐྱིད་རབས་བདེ་ཐབས་ཁོ་ན་བཤད།
དོན་དངོས་གླེང་བ་ཡིན་ན་ཁ་ལ་ཟ་རྒྱུ་དང་འདུག་ས། འགྲོ་བྱེད་ཀྱི་རླངས་འཁོར། ལག་ལེན་གྱི་ཁྱིམ་ཆས་སོགས་དངོས་ནས་རྒྱ་གར་དང་བསྡུར་ཐབས་མེད་པ་བདེན་པ་ཡིན་ཡང་། མི་ཞིག་་རང་ཉིད་གང་དུ་སྐྱེ་མིན་གྱི་སྐོར་ལ་བསམ་བློ་ཞིབ་དུ་བཏང་དུས། རང་གིས་རང་གི་རིགས་ལ་འགན་མ་འཁུར། རིགས་རྒྱུད་ཤོར། རིགས་རྒྱུད་ཤོར་བའི་སྒང་ལ་རང་གི་བྱིས་པ་དག་གིས་ཀྱང་རང་སྐད་མི་ཤེས། ད་དུང་། རང་གི་རིག་གཞུང་མི་ཤེས། རང་ཡུལ་མི་དྲན། ཐ་ན་རང་ཉིད་སྐྱེ་ཡུལ་ཡང་གཞན་ཡུལ་ཡིན་པ་སོགས་ཀྱིས་ཁོང་ཚོའི་སེམས་ནང་དུ་རང་ཉིད་བོད་ཡིན། ངས་བོད་དོན་བྱེད་དགོས། ང་རང་ཤི་རེག་བར་དུ་བོད་ཀྱི་ལས་ཀ་བྱེད་དགོས་བསམ་པའི་ཚོར་བ་ཞིག་ནམ་ཡང་སླེབས་ཐུབ་མེད་པ་དེ་ཡི་ནག་ཅན་པ་གཙོ་བོ་དེ་ནི་རང་གིས་བོད་ལ་འགན་མ་ཆགས་པའི་སྒོར་རྗེས་དང་ལྟོ་རྗེས་ཁོ་ན་སྙེགས་པའི་ཉེས་པ་དང་། ༧རྒྱལ་བ་རིན་པོ་ཆེ་ཁ་ནང་གི་༧རྒྱལ་བ་རིན་པོ་ཆེ་ལ་གྱུར་བས་རེད།